བདག་གི་སྲུང་སྐྱོབ་ལ་བརྟེན་ནས་ཕ་ཡུལ་གྱི་མཛེས་སྡུག་སླར་གསོ་འབྱུང་བར་སྨོན།
2019.12.13 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 42

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་དུ། རྫོང་མཁར་དང་བར་ཐག་སྤྱི་ལེ127ཡོད་པའི་མདོ་ལ་རིང་མོའི་རི་འདབས་སུ། བཟའ་མི་གཉིས་ཡོད། ཁོ་ཚོས་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་ས་སྤྱི་ལེ་གྲུ་བཞི་མ200ཡོད་པ་དེ་བསྲུངས་ཡོད། ལོ་བཅུ་ཕྲག་འགའི་རིང་ལ། སོག་རིགས་གསར་རྒོད་ཡེ་རྒྱལ་ནོར་བུ་དང་ཁོའི་ཆུང་མ་གཉིས་ནམ་ཡང་ཁུ་སིམ་མེར་བསྡད།

“ང་ནམ་ཡང་ཕ་ཡུལ་གྱི་ས་གཞི་འདི་སྲུང་བར་དགའ། ས་འདིའི་ཐོག་མའི་རྣམ་པ་སླར་གསོ་འབྱུང་བར་བལྟས་ནས་བསྡད་ཡོད།”ཅེས་ཡེ་རྒྱལ་ནོར་བུས་དེ་ལྟར་བཤད་བྱུང་།

ཆི་ལེན་རྫོང་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོབ་བཟོ་འགོད་ལྟ་སྲུང་ས་ཚིགས་སུ། གདོང་མདོག་ནག་ཅིང་སྐྱི་ལྤགས་རྩུབ་པའི་ཡེ་རྒྱལ་ནོར་བུས་ངོ་ལ་འཛུམ་གྱིས་ཁེངས་ཤིང་། ཆུང་མ་དུང་མོ་མཚོ་ཁང་པའི་མདུན་གྱི་སྐས་ཐེམ་སྟེང་འཛུམ་དམུལ་དམུལ་གྱིས་མགོ་བོ་ལྡེམ་བཞིན་ཡོད། འདི་ནི་བ་ལྡིང་ཆུ་བོའི་འབྱུང་ཡུལ་གྱི་བཞུར་ཁོངས་སུ་ཡོད་པའི་ལྟ་སྲུང་ས་ཚིགས་གཅིག་པུ་རེད།

2006ལོར། དམག་ཁོངས་ནས་ཕྱིར་བུད་དེ་ཅུང་མ་འགོར་བའི་འབྲོང་ལུང་ཞང་མགོ་མང་སྡེ་བའི་ཡེ་རྒྱལ་ནོར་བུས་ཡང་བསྐྱར་འབྲོག་པའི་འཚོ་བ་རོལ། གསའ་ལུང་ཐང་གི་རྩྭ་སའི་ཁོར་ཡུག་དེ“ས་ནག་ཐང”དུ་གྱུར་ཡོད། ཡེ་རྒྱལ་ནོར་བུས་ནོར་ལུག་མང་པོ་གསོས་མེད་པས་ཁྱིམ་ཚང་གི་ཡོང་སྒོ་དེ་འདྲ་བཟང་རྒྱུ་མེད།

“སྐབས་དེར། ཆི་ལེན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་བ་ལྡིང་ཆུ་བོའི་མགོ་ཁོངས་སུ་ལྟ་སྲུང་ས་ཚིགས་ཤིག་བཙུགས་ཤིང་། ལྟ་སྲུང་པ་འདེམ་སྐབས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལ་ཐོག་མར་བསམ་བློ་གཏོང་རྒྱུ་ཡིན་ཞེས་པའི་བརྡ་འཕྲིན་དེ་ཐོས་མ་ཐག ཁོས་མང་པོ་ཞིག་ལ་བསམ་བློ་མ་བཏང་བར། ལྟ་སྲུང་པ་བྱེད་རྒྱུའི་སེམས་ཐག་བཅད།”ཡེ་རྒྱལ་ནོར་བུའི་ཉིན་རྒྱུན་གྱི་འཚོ་བར་ལྟ་སྐྱོང་བྱེད་པར་སྟབས་བདེ་ཡོང་ཆེད། ཆུང་མ་དུང་མོ་མཚོ་ཐད་ཀར་ལྟ་སྲུང་ས་ཚིགས་དེ་རུ་ཐོན།

དེ་ནས་བཟུང་། བ་ལྡིང་ཆུ་བོའི་འབྱུང་ཡུལ་གྱི་བཞུར་ཁོངས་ལ་ཁྱོ་ཤུག་གཉིས་ཀྱིས་གཉེར་བའི་ལྟ་སྲུང་ས་ཚིགས་གཅིག་གིས་ཇེ་མང་དུ་གྱུར། ཁོ་ཚོས་གཟའ་འཁོར་རེ་རེར་སྤྱི་ལེ་གྲུ་བཞི་མ200ལྷག་ཡོད་པའི་ས་ཁོངས་སུ་སྐོར་སྲུང་ཐེངས་གཉིས་རེ་བྱེད་བཞིན་ཡོད་ལ། སྐོར་སྲུང་ཐེངས་རེ་ལ་དུས་ཚོད་བརྒྱད་དགུ་རེ་དགོས། ཁོ་ཚོའི་འགྲིམ་འགྲུལ་ཡོ་བྱད་ནི་ཏག་ཏག་འཕྲུལ་རྟ་གཅིག་ལས་མེད། ཐེངས་རེའི་སྐོར་སྲུང་ལ། བཟའ་ཟླ་གཉིས་རྣམ་ཀུན་མཉམ་དུ་འགྲོ་བཞིན་ཡོད།

ཡེ་རྒྱལ་ནོར་བུའི་སེམས་སུ་ད་ལྟ་ལྟ་སྲུང་ས་ཚིགས་ཀྱི་ཆ་རྐྱེན་ཐོག་མར་ཡོང་སྐབས་དང་བསྡུར་ན་ཇེ་བཟང་དུ་ཕྱིན་ཡོད།“2006ལོར་ས་ཚིགས་འདི་ཐོག་མར་འཛུགས་སྐབས། སྦྲ་གུར་ཞིག་ལས་མེད་ཅིང་། ང་ཚོའི་སྡོད་ས་ཚང་མ་སྦྲ་གུར་ཡིན།”ཡེ་རྒྱལ་ནོར་བུས་བཤད་རྒྱུར། སྐབས་དེར་དངོས་གནས་ཉི་མ་འཁྱོལ་ཐབས་དཀའ་ཞིང་། ཁ་པར་ཡང་མེད་པས། དོན་དག་ཅི་བྱུང་ཡང་དུས་ལྟར་རྫོང་ལ་སྙན་ཞུ་འབུལ་མི་ཐུབ།

དགའ་འོས་པ་ཞིག་ལ་ལོ་གཅིག་འགོར་རྗེས། སྦྲ་གུར་དེ་་སྟབས་བདེ་ཁང་པར་བཏང་། གཞན་གྱིས་བལྟས་ན་ཆ་རྐྱེན་བཟང་རྒྱུ་མེད་མོད། འོན་ཀྱང་ཡེ་རྒྱལ་ནོར་བུ་སྔ་མོ་ནས་ཡིད་ཚིམས་ཡོད།

ཡེ་རྒྱལ་ནོར་བུ་བཟའ་མི་གཉིས་ཀྱི་ཟླ་རེའི་སྤྱིའི་ཡོང་སྒོ་སྒོར3000ཡས་མས་ཡིན་པས། ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད། ཡེ་རྒྱལ་ནོར་བུས་དེ་དག་ལ་དོ་སྣང་དེ་ཙམ་མི་བྱེད། “གང་ལྟར་ཟླ་རེར་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་མ་ཟད། རང་གི་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་པ་མཐོང་ཐུབ་པས། སེམས་པ་དངོས་གནས་དགའ་བ་ཞིག་རེད།”

ཉེ་བའི་ལོ་འགའི་རིང་ལ། མི་རྣམས་ཀྱི་སྐྱེ་ཁམས་འདུ་ཤེས་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། ས་དེའི་སྡེ་མི་མང་པོ་ཞིག་རང་འགུལ་གྱིས་སྐྱེ་ཁམས་ལྟ་སྲུང་གི་དཔུང་གྲལ་དུ་ཞུགས།

ད་ལྟ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལྟ་སྲུང་གི་བྱ་བར་མུ་མཐུད་དུ་སྐུལ་སྤེལ་བྱས་པ་དང་བསྟུན་ནས། སྐྱེ་ཁམས་བཅོས་སྐྱོང་བཟོ་འགོད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བས། བ་ལྡིང་ཆུ་བོའི་འབྱུང་ཡུལ་དུ་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་བཟང་དུ་ཕྱིན། “སྔོན་ཆད་མཐོང་དཀོན་པའི་གེ་སར་རྟ་རྫི་དང་གླ་བ་དེང་སྐབས་རྒྱུན་དུ་མཐོང་ཐུབ།”ཡེ་རྒྱལ་ནོར་བུས་བཤད་རྒྱུར། རི་སྐྱེས་སྲོག་ཆགས་ཕྱིར་ལོག་པ་དེ་ནི། གནས་འདིའི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བཞིན་པའི་བདེན་དཔང་བཟང་པོ་ཞིག་ཡིན་ཟེར།

རྩོམ་སྒྲིག  སྒྲོལ་མ་སྐྱིད།