རྨ་ཆུ་ནི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་དུ་འཇུག་དགོས།
2019.12.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

 “རྨ་ཆུར་སྲུང་སྐྱོབ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་འབྲེལ་བའི་བསྐལ་པ་སྟོང་གི་ཇུས་ཆེན་ཡིན།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཧོ་ནན་ཀྲིན་ཀྲུའུ་རུ་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། གསུང་བཤད་ཀྱིས“དུས་གཏན་གྱི་ཇུས་ཆེན”ལ་དམིགས་ཤིང་། མ་ལག་ལྡན་པའི་བསམ་བློ་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། རྨ་ཆུ་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཀྱིས་བེད་སྤྱོད་ལ་སྐུལ་འདེད། རྨ་ཆུའི་བཞུར་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་སོགས་ཕྱོགས5ཡི་གནད་དོན་གལ་ཆེན་ལ་གསལ་བཤད་གཏིང་ཟབ་གནང་སྟེ། ཐུན་མོང་གིས་འཕེལ་རྒྱས་ཆེན་མོ་ལེགས་པོར་འཛིན་པ་དང་། མཐུན་སྦྱོར་གྱིས་བཅོས་སྐྱོང་ཆེན་མོར་སྐུལ་སྤེལ་བྱས་ནས། རྨ་ཆུ་ནི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་བར་ཁ་ཕྱོགས་གསལ་པོ་བསྟན།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འགོར་བའི་ཚུན་ལ། རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོབ་བྱ་བར་ཀུན་གྱིས་མཐོང་བའི་གྲུབ་འབྲས་བླངས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་དམིགས་ཏེ། “ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་། བར་སྟོང་སྙོམས་སྒྲིག མ་ལག་ལྡན་པའི་བཅོས་སྐྱོང་། ལག་ཟུང་ལ་བརྟེན་ནས་ཤུགས་འདོན་པ”ཡི་ཆུ་བོ་བཅོས་སྐྱོང་རིགས་ལམ་གཏན་འཁེལ་གསལ་པོ་བྱས། དེང་སྐབས། རྨ་ཆུའི་བཞུར་ཁོངས་སུ་སྔར་བཞིན་དཀའ་གནད་འབུར་ཐོན་དང་གནད་དོན་རེ་འགའ་གནས་ཡོད་ཅིང་། བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞན་པ་དང་། ཆུའི་ཐོན་ཁུངས་ཀྱི་འགན་སྲུང་གནས་བབ་ཛ་དྲག་ཡིན་ཞིང་། འཕེལ་རྒྱས་སྤུས་ཀ་ད་དུང་མཐོ་རུ་གཏོང་དགོས། སྣང་ཚུལ་བརྟོལ་ནས་ངོ་བོ་རྟོགས་ཏེ། བཞུར་ཁོངས་བཅོས་སྐྱོང་གི་རྩ་བ་འདི་དམ་འཛིན་བྱས་ཚེ། ད་གཟོད་ང་ཚོ་ཐུན་མོང་གི་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱ་ཐུབ།

རྨ་ཆུ་ནི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཆུ་བོ་ཞིག་ཏུ་འགྱུར་དགོས་ཚེ། ཐོག་མར་བཅོས་སྐྱོང་གི་བྱ་བ་ལེགས་པོར་བསྒྲུབ་དགོས། རྨ་ཆུ་བཅོས་སྐྱོང་ནི་ས་ཆ་གཅིག་དང་ས་མཚམས་ཤིག འགྲམ་ངོགས་ཤིག་གི་དོན་དག་མིན་པར། བཞུར་ཁོངས་ཡོངས་བཅོས་སྐྱོང་གི་བཟོ་འགོད་ཅིག་ཡིན། རྨ་ཆུའི་སྐྱེ་ཁམས་མ་ལག་ནི་འབྲེལ་བ་ཟབ་པའི་ཕུང་བོ་ཞིག་ཡིན་ཞིང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་བར་སྟོང་གཞི་གཅིག་ཅན་སྲུང་སྐྱོབ་དང་། ཁོར་ཡུག་སྦགས་བཙོག་མཉམ་འབྲེལ་བཅོས་སྐྱོང་རྒྱུན་འཁྱོངས་བྱ་དགོས་ཤིང་། སྟོད་རྒྱུད་ཀྱི“ཀྲུང་ཧྭའི་ཆུ་མཛོད”སྲ་ཞིང་བརྟན་པ་དང་། བར་རྒྱུད་དང་སྨད་རྒྱུད་ཀྱི་སྐྱེ་ཁམས་གནས་བཅའ་བར་འཚམས་པའི་བདེ་འཇགས་ཀྱི་རྣམ་པ་ཞིག་ཏུ་ཆགས་སུ་འཇུག་དགོས། བཅོས་སྐྱོང་ལས་འགན་གཏན་འཁེལ་གསལ་པོ་བྱ་དགོས་ཤིང་། སོ་སོའི་གཙོ་གནད་འབུར་དུ་ཐོན་དགོས་ལ། ཆུ་དང་བྱེ་མའི་འབྲེལ་བ་སྙོམས་སྒྲིག་བྱེད་པའི“གཡག་སྣ”འདི་དམ་འཛིན་བྱས་ཏེ། རྨ་ཆུའི་འགྲམ་རྒྱུད་ཀྱི་བདེ་འཇགས་ཁག་ཐེག་དང་། ཆུ་ལ་བརྟེན་ནས་གཏན་འཁེལ་དང་། ཆུའི་ཚད་ལ་བརྟེན་ནས་བྱ་བ་བསྒྲུབས་ཏེ། ཆུ་བཀོལ་སྤྱོད་བྱེད་ཐབས་དེ་རགས་ལས་ནས་གྲོན་ཆུང་ལེགས་བསྡུས་ཀྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།

རྨ་ཆུ་ནི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་དགོས་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་ཀ་འདི་ལེགས་པོར་བསྒྲུབ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་དགོས་ན། གནད་འགག་ནི་ལམ་བུ་ཡང་དག་ཅིག་འཚོལ་རྒྱུ་དེ་ཡིན་ལ། རྨ་ཆུའི་བཞུར་ཁོངས་ཀྱི་ས་ཆ་སོ་སོའི་རང་བྱུང་ཐོན་ཁུངས་ཀྱི་ཐོབ་སྐལ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆ་རྐྱེན་སོ་སོ་མི་གཅིག་པས། རྣམ་པ་གཅིག་ཡོད་མི་སྲིད། སྔར་ལས་མང་བའི་སྐྱེ་ཁམས་ཐོན་རྫས་བསྐྲུན་པ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་ཡིན་ནའང་འདྲ། ལེགས་བསྡུས་འཕེལ་རྒྱས་ལ་སྐུལ་འདེད་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་ཁྲོད་ཞུགས་པ་གང་ཡིན་ནའང་། ཡོད་ཚད་དོན་དངོས་ནས་མགོ་བརྩམ་དགོས་ཤིང་། རང་གི་དགེ་མཚན་ལ་རྐང་འཛུགས་པ། ཆུ་འཚམས་ན་ཆུ་དང་། རི་འཚམས་ན་རི། འབྲུ་རིགས་འཚམས་ན་འབྲུ་རིགས། ཞིང་ལས་འཚམས་ན་ཞིང་ལས། བཟོ་ལས་འཚམས་ན་བཟོ་ལས། ཚོང་ལས་འཚམས་ན་ཚོང་ལས། སྐྱེ་ཁམས་སྔོན་ལ་འཇོག་པ། ལྗང་མདོག་འཕེལ་རྒྱས་དང་ས་ཁོངས་ཀྱི་ཁྱད་ཆོས་འཛོམས་པའི་གསར་གཏོད་ལམ་བུར་བསྐྱོད་དགོས།

རྨ་ཆུ་ནི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་དགོས་ན། ད་དུང་དམངས་ཚིས་རྒྱུགས་ཤོག་ལེགས་པོར་འབྲི་དགོས། “དམངས་ཚིས་ནི་ཆབ་སྲིད་ཆེ་ཤོས་ཡིན”སྟབས། སྟོབས་ཤུགས་ཡོད་རྒུས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོབ་ལ་ཤུགས་སྣོན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་མགོ་རྩོམ་ས་དང་མཇུག་བསྡུ་ས་ཡིན་ཞིང་། བཞུར་ཁོངས་ཡོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མགྱོགས་མྱུར་ངང་མཐོར་འདེགས་གཏོང་དགོས་ཤིང་། དཔེ་རིས་ཤིག་མཐར་ཐུག་བར་དུ་བཞེངས་ཏེ། གཅིག་རྗེས་གཉིས་མཐུད་ཀྱིས་བསྒྲུབ་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།