ལག་རྡང་སྦྲེལ་ནས་ལྗང་མདོག་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན།
2019.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

 གནའ་ནས་བཟུང་ཐང་རྒོད་བཅོས་སྐྱོང་བྱེད་པ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོས་རིམ་ཉིན་ཐོ་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དུ་བཀོད། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་འཐུན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཛེས་སྡུག་གི་རི་ཆུ་ཡར་བསྐྱར་བསྐྲུན་པ་སོགས་ཀྱི་འདུ་ཤེས་དེ་མི་རྣམས་ཀྱི་སེམས་སུ་ཟུག་ལ་བྱ་སྤྱོད་དངོས་སུ་གྱུར་དང་འགྱུར་བཞིན་ཡོད།

མཚོ་སྔོན་གྱིས་སྔར་ནས་ད་བར་ཐང་རྒོད་དུ་འགྱུར་བ་འགོག་བཅོས་བྱེད་པར་མཐོང་ཆེན་བྱས།

1978ལོར་བྱང་གསུམ་འགོག་སྲུང་ནགས་ཚལ་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཐང་རྒོད་དུ་གྱུར་བ་འགོག་བཅོས་བྱེད་པའི་གནད་སའི་བཅོས་སྐྱོང་དུས་རིམ་དུ་ཞུགས་པ་དང་། རྒྱལ་ཁབ་ཀྱི་ཤུགས་ཆེན་པོའི་རྒྱ་སྐྱོར་འོག་སྔ་རྗེས་སུ་བྱང་གསུམ་འགོག་སྲུང་ནགས་ཀྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པ། དུས་སྐབས་གསུམ་པ་བཅས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཁྲེགས་གཏོར་དཀའ་སེལ་བྱས་ཏེ། བྱེ་མའི་ཁུལ་དུ་ཤུགས་ཆེན་པོས་རླུང་འགོག་བྱེ་འཇགས་དང་ཞིང་ཁའི་འགོག་སྲུང་ནགས་ར་བསྐྲུན། 2000ལོའི་བར་དུ་ནགས་ཚལ་གྱི་ཁེབས་ཚད་དེ1978ལོའི་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་ནས་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་དྲུག་ཏུ་ཇེ་མཐོར་སོང་བ་དང་། ས་ཁུལ་ཁ་ཤས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་བྱུང་ཡོད། རྒྱལ་ཡོངས་ཀྱི་བྱེ་ཐང་ཆེན་པོ་བརྒྱད་གྲས་ཀྱི་གཅིག་སྟེ་ཚ་འདམ་གཞོང་ནས་ཤང་སྡེ་དང་ནོ་མོང་ཧོང་། ཤར་ཝ།   ཞིས་ལས་ཀུག  བུའུ་ཐུའུ་མེ་རིན། མ་ཧེ། གཏེར་ལེན་ཁ་སོགས་སྔོ་ལྗང་ཅན་གྱི་ཞིང་ལས་ཁུལ་བཙུགས།

ཀོས་ནན་རྫོང་གིས་བྱེ་བཅོས་ནགས་སྐྲུན་དང་བྱེ་འགོག་ནགས་གསོ་བརྒྱུད་དེ། ནགས་ཁོངས་ཀྱི་གཞི་ཁྱོན་འཕར་སྣོན་བྱུང་བ་དང་། བྱེ་རླུང་གི་གནོད་འཚེ་མངོན་གསལ་སྒོས་ཇེ་ཆུང་དུ་སོང་ནས། བྱེ་རླུང་གི་ཞིང་ལས་ལོ་ཏོག་ལ་གནོད་པ་ཐེབས་ཚད་རིམ་བཞིན་ཚོད་འཛིན་བྱས། བྱང་གསུམ་འགོག་སྲུང་ནགས་ཚལ་བཟོ་སྐྲུན་འཛུགས་སྐྲུན་གྱི་ཕན་འབྲས་རིམ་བཞིན་མངོན་པ་དང་། རླུང་འགོག་བྱེ་འཇགས་དང་ལྟག་ཆུ་བསྐྱིལ་གསོག ས་ཆུ་སྲུང་འཛིན། ཞིང་ས་དང་རྩྭ་ས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཧུར་ཐག་གིས་བྱེ་འགོག་བྱེ་བཅོས་བྱས་པ་བརྒྱུད་དེ། ས་ཁུལ་ཁ་ཤས་ཀྱི་བྱེ་མ་ཅན་དུ་འགྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་།

རྒྱལ་ཁབ་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་བཅའ་ཁྲིམས》གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གོམ་གང་མདུན་སྤོས་སྒོས་བྱེ་འགོག་བྱེ་བཅོས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་ལག་ལེན་བྱེད་པའི་ལག་བསྟར་བསམ་འཆར》པར་འགྲེམ་ལག་བསྟར་བྱས་པ་དང་། ཁྱོན་ཡོངས་ནས་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་ཀྱི་དམིགས་འབེན་འགན་འཁྲི་ལག་བསྟར་བྱས་ཤིང་། བྱང་གསུམ་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་གྱི་དུས་སྐབས་བཞི་བ་དང་དུས་སྐབས་ལྔ་བའི་བཟོ་སྐྲུན་དང་དེ་མིན་རྨོ་བསྐྱུར་ནགས་སྐྲུན་དང་རང་བྱུང་ནགས་སྲུང་སྐྱོབ་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པའི་དུས་མཚུངས་སུ། ཧུར་ཐག་གིས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དང་མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་ས་ཁོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་བརྩོན་ལེན་བྱས་པར་མ་ཟད་ལག་བསྟར་བྱེད་མགོ་བརྩམས་ཏེ། བྱེ་འགོག་བྱེ་བཅོས་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཆེན་པོ་བྱས།

2008ལོར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དངོས་སུ་བཏོན། 2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཞིང་ཆེན་རིམ་པའི་སྲིད་གཞུང་གི་བྱེ་འགོག་བྱེ་བཅོས་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་བྱེད་ཐབས》འགྲེམ་སྤེལ་བྱས་རྗེས།  ཞིང་ཆེན་སྲིད་གཞུང་གིས་ཀྱང་དེ་དང་མཉམ་དུ《རང་སྐྱོང་ཁུལ་སོ་སོའི་སྲིད་གཞུང་གི་བྱེ་འགོག་བྱེ་བཅོས་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་བྱེད་ཐབས》འགྲེམ་སྤེལ་བྱས། རིམ་པ་སོ་སོའི་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་དམིགས་འབེན་འོས་འགན་དཔྱད་ཞིབ་རྐྱེན་སྲོལ་བཙུགས་པ་དང་། བྱེ་མའི་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་གཙོ་གཉེར་སྡེ་ཁག་གི་བརྩོན་སེམས་སྐུལ་སློང་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་ནུས་པ་འདོན་པ་དང་ལས་རིགས་ཀྱིས་རྒྱབ་སྐྱོར་བྱེད་པ། ལས་གཞིས་སྐུལ་ཁྲིད་བྱེད་པ། དཔལ་འབྱོར་གྱིས་འཐེན་སྐུལ་བྱེད་པ་བརྒྱུད་ནས། བྱེ་འགོག་བྱེ་བཅོས་བྱ་བ་དེ་འཁོར་ལམ་བཟང་བོར་ཞུགས།

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་བྱེ་འགོག་བྱེ་བཅོས་བྱ་བ་དེ་བྱེ་བཅོས་དམངས་ཕྱུག་གི་དམིགས་ཡུལ་དུ་བརྩི་བ་དང་། ལྗང་མདོག་འཕར་སྣོན་དང་ནགས་ལས་ཐོན་ལས་གོང་དུ་སྤེལ་བ་ཏེ་གནད་སར་བརྩིས་ནས། 《མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་འཆར་འགོད(2011—2020ལོ)》གཏན་འཁེལ་ལག་བསྟར་བྱས་ཤིང་། རྒྱུན་ཆད་མེད་པར་མ་དངུལ་གཏོང་ཤུགས་རྒྱ་བསྐྱེད་པ་དང་། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ། བྱེད་ཐབས་དངོས་འབེབས་དམ་འཛིན་བྱས་པས། བྱེ་འགོག་བྱེ་བཅོས་བྱ་བར་ཕན་འབྲས་བཟང་པོ་བླངས།

ལོ་ལྔའི་རིང་ལ། བྱེ་འགོག་བྱེ་བཅོས་ཀྱི་གཞི་ཁྱོན་སྤྱི་ཆིང་འབུམ་བཞི་ཁྲི་གསུམ་སྟོང་ལྔ་ལྷག་ཡོངས་འགྲུབ་བྱས་པ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་ལྷག་མངོན་འགྱུར་བྱས། རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོབ་བྱེད་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ཏེ། གུང་ཧོ་རྫོང་གི་བཏུལ་ཐང་དང་ན་གོར་མོ་གྲོང་ཁྱེར་གྱི་བུའུ་ཐུའུ་མེ་རིན་སོགས་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ལས་གཞི་ཡོངས་འགྲུབ་བྱས་པར་མ་ཟད། ན་གོར་མོ་གྲོང་ཁྱེར་དང་གུང་ཧོ་རྫོང་། ཧེ་ཡན་རྫོང་བཅས་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་གསུམ་གསར་འཛུགས་བྱས།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐང་རྒོད་དུ་གྱུར་བ་འགོག་བཅོས་བྱེད་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པར་དམ་པོར་དམིགས་ཏེ། ནན་ཏན་སྒོས་བྱེ་འགོག་བྱེ་བཅོས་ཀྱི་དམིགས་འབེན་འགན་འཁྲི་ལག་བསྟར་བྱས་པ་དང་། སྲིད་གཞུང་གི་རོགས་སྐྱོར་དང་རྩྭ་འཛུགས་ཀྱི་འགན་སྲུང་། མ་དངུལ་གཏོང་བ། དམིགས་འབེན་དཔྱད་ཞིབ་རྒྱ་བསྐྱེད་པ་སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། རྒྱུན་ཆད་མེད་པར་བྱེ་འགོག་བྱེ་བཅོས་ཀྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་། བྱེ་འགྱུར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་སོང་། བྱེ་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་རིམ་བཞིན་བཙུགས་པ་དང་། བྱེ་འགྱུར་གནས་བབ་རྒྱ་བསྐྱེད་པའི་སྣང་ཚུལ་མཇུག་རྫོགས་པ། བྱེ་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཕེལ་རྒྱས་བར་སྟོང་བརྟན་འཇགས་སུ་གྱུར། ནང་སྒོས་སུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཤོག་སླེ་གསར་བ་ངང་གིས་ཕྱེས།

2017ལོ་ནས2019ལོའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྟུད་མར་ལོ་གསུམ་ལ་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ནས། ལྗང་བསྒྱུར་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། སྔ་གཞུག་ཏུ《ནགས་སྐྲུན་རྐྱེན་སྲོལ་བཙུགས་ཏེ་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྒུལ་ནུས་གསར་བ་སྐུལ་སྤེལ་བྱེད་པའི་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱིས་ནགས་སྐྲུན་བཟོ་སྐྲུན་སྔོན་ལ་འཛུགས་སྐྲུན་དང་རྗེས་ནས་ཁ་གསབ་བྱེད་པའི་ལག་བསྟར་ཞིབ་སྲོལ》།《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་མྱུར་ཚད་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2018—2020ལོ)》སོགས་སྲིད་ཇུས་དང་བྱེད་ཐབས་འགྲེམ་སྤེལ་ལག་བསྟར་བྱས་བ་དང་། ཁྲལ་བསྡུ་དང་ཆུ་གློག་བཀོལ་སྤྱོད་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ནགས་སྐྲུན་ལྗང་བསྒྱུར་གྱི་ཁྲིམས་མཐུན་ཁེ་དབང་དངོས་གནས་འགན་སྲུང་བྱས། ཧུར་ཐག་གིས་ནགས་སྐྲུན་ཁྱིམ་ཚང་ཆེན་པོ་དང་ཁྱིམ་ཚང་གི་ནགས་ར། ཞིང་བའི་མཉམ་ལས་ཁང་། ཁེ་ལས་གཙོ་བོ་སོགས་རྣམ་པ་གསར་བའི་ནགས་ལས་བདག་གཉེར་གྱི་གྲུབ་ཆ་གཙོ་བོ་གསོ་སྐྱོང་བྱས། ཤུགས་ཆེན་པོས་སྔོན་སྐྲུན་རྗེས་གསབ་ཀྱི་ནགས་སྐྲུན་རྐྱེན་སྲོལ་ཁྱབ་སྤེལ་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་ཡོངས་སུ་སྲིད་ཇུས་རང་བཞིན་གྱི་ནགས་སྐྲུན་ལྗང་བསྒྱུར་དང་བདག་གཉེར་ལྟ་སྲུང་སོགས་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱེད་པ་འཚོལ་ཞིབ་བྱུང་། ནགས་དབང་ཉོ་ཚོང་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་དང་། ནགས་ས་དང་ནགས་ཤིང་གི་མ་རྐང་མཉམ་ལས་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ།  ཁྲིམས་ལྟར་གཞི་ཁྱོན་བདག་གཉེར་འོས་འཚམ་གོང་དུ་སྤེལ་བར་སྐུལ་མ་བཏང་།

མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་བཅོས་སྐྱོང་ལས་འགན་སྤྱི་ཆིང་འབུམ་གསུམ་ལྷག་ཡོངས་འགྲུབ་བྱས་པ་དང་། དེའི་ནང་མིས་བཟོས་ནགས་སྐྲུན་སྤྱི་ཆིང་ཁྲི་དྲུག་སྟོང་དགུ་ལྷག་དང་། རི་བཀག་ནགས་གསོ་སྤྱི་ཆིང་འབུམ་གཅིག་ཁྲི་བདུན་ལྷག  བྱེ་འགྱུར་རྩྭ་ས་བཅོས་སྐྱོང་སྤྱི་ཆིང་ཁྲི་བཞི་སྟོང་དགུ་ལྷག  བྱེ་འཇགས་བཟོ་སྐྲུན་སྤྱི་ཆིང་སྟོང་གཉིས་བདུན་བརྒྱ། བཞུར་རྒྱུན་ཆུང་བ་ཕྱོགས་བསྡུས་བཅོས་སྐྱོང་སྤྱི་ཆིང་སྟོང་གསུམ་དྲུག་བརྒྱ་བཅས་ཡོད་ལ། མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་ལྔ་ས་ཡ་གཅིག་བཏང་། མུ་མཐུད་དུ་ཏུའུ་ལན་རྫོང་དང་ཀོས་ནན་རྫོང་སོགས་རྒྱལ་ཁབ་སྤྱི་གླིང་གི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་ལྔ་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ཏེ། བྱེ་འགོག་བྱེ་བཅོས་ནགས་སྐྲུན་སྤྱི་ཆིང་སྟོང་གསུམ་དང་སུམ་བརྒྱ་ཡོངས་འགྲུབ་བྱས་པར་མ་ཟད། ཀོས་ནན་རྫོང་དང་གུང་ཧོ་རྫོང་། ཧེ་ཡན་རྫོང་བཅས་བྱང་གསུམ་བཟོ་སྐྲུན་གྱི་གནད་ཕིགས་བྱེ་བཅོས་རྫོང་གཙོ་བོར་བཀོད། མུ་མཐུད་དུ་གུང་ཧོ་རྫོང་གི་བཏུལ་ཐང་དང་ན་གོར་མོ་གྲོང་ཁྱེར་གྱི་བུའུ་ཐུའུ་མེ་རིན་སོགས་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོབ་ཁུལ་བརྒྱད་ཀྱི་དོ་དམ་ལ་ཤུགས་སྣོན་བྱས་པ་དང་། ཀོས་ནན་རྫོང་གི་ཀླུ་ཚང་དང་མང་ཡན་གྲོང་ཁྱེར་གྱི་ལིན་ཧུའུ། རྨ་ཆེན་རྫོང་གི་ཁྲ་མ་ཧོ། བུའུ་ལན་རྫོང་གི་ཙོ་ཧོ་བཅས་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོབ་ཁུལ་བཞི་གསར་དུ་འཕར་སྣོན་བྱས་ཤིང་། ཀླུ་ཚང་དང་ལིན་ཧུའུ་བཀག་སྡོམ་སྲུང་སྐྱོབ་ས་ཁུལ་གཉིས་ཀྱི་ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས།   ཆོག་མཆན་ཐོབ་པའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་བཅུ་གཉིས་ལ་བསླེབས་ པ་དང་། ས་གནས་སོ་སོས་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད།

དེ་དང་ཆབས་ཅིག་ཧུར་ཐག་གིས་ཤར་ཕྱོགས་ཀྱི་སྟར་བུ་དང་ནུབ་ཕྱོགས་ཀྱི་འཕང་འབྲས། ཙོང་ཆུའི་ཡུལ་སིལ།  ལྷོ་ཕྱོགས་ཀྱི་བོད་ཇ་བཅས་ཀྱི་ནགས་ལས་ཐོན་ལས་ཀྱི་གནས་བབ་བསྐྲུན་པ་དང་། ཚྭ་འདམ་གཞོང་དང་གུང་ཧོ་གཞོང་ས་ནས་ཤུགས་ཆེན་པོས་འཕང་འབྲས་ཀྱི་སྐྱེ་ཁམས་དཔལ་འབྱོར་ནགས་གོང་དུ་སྤེལ་ལ། ཞིང་ཆེན་ཡོངས་སུ་འཕང་འབྲས་འདེབས་རྒྱའི་གཞི་ཁྱོན་སྤྱི་ཆིང་ཁྲི་བཞི་དང་སྟོང་དྲུག་དྲུག་བརྒྱ་རེ་བདུན་ལ་བསླེབས་ཡོད། དེའི་ནང་བདེན་དཔང་ར་སྤྲོད་བྱུང་བའི་སྐྱེ་ལྡན་རྟེན་གཞིའི་གཞི་ཁྱོན་སྤྱི་ཆིང་སྟོང་ལྔ་བཞི་བརྒྱ་ང་གསུམ་ལྷག་ཏུ་བསླེབས་པ་དང་། ལོའི་ཐོན་ཚད་ཏུན་ཁྲི་དྲུག་སྟོང་ལྔ་དང་ཐོན་རིན་སྒོར་དུང་ཕྱུར་ཉེར་ལྔ། ཕྱོགས་བསྡུས་ཐོན་རིན་སྒོར་དུང་ཕྱུར་གྱ་ལྔ་ཡས་མས་སུ་བསླེབས་ཡོད། མཚོ་ནུབ་ཁུལ་གཅིག་པུས་ཨ་མེ་རུ་ཁ་དང་ཡོ་རོབ་མནའ་འབྲེལ། ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་སོགས་ཀྱི་ཚོང་རར་སྐྱེ་ལྡན་འཕང་འབྲས་ཏུན་བདུན་བརྒྱ་ཕྱིར་གཏོང་བྱས་ཏེ། ཕྱི་དངུལ་ཨ་རིའི་སྒོར་མོ་བྱེ་བ་གཅིག་བསྐྲུན། 2018ལོའི་ལོ་མཇུག་གི་བར་དུ། ཞིང་ཆེན་ཡོངས་སུ་འཕང་འབྲས་འདེབས་འཛུགས་ཀྱི་ལྟ་སྲུང་པ་ཁྲི་བཞི་ནས་ཁྲི་ལྔ་ལ་བསླེབས་པ་དང་། འཕང་འབྲས་འཐུ་བའི་སྐབས་སུ་ལས་བཟོ་བ་མི་ཐེངས་འབུམ་བདུན་བསྡུ་ལེན་བྱས་ནས། འཕང་འབྲས་ཐོན་ལས་དེ་དངོས་གནས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་དང་། ཞིང་སྡེའི་དཔལ་འབྱོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པའི་ཐོན་ལས་གཙོ་བོ་དང་དམངས་ཕྱུག་ཐོན་ལས་སུ་གྱུར། བྱེ་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་བྱེ་འགོག་བྱེ་བཅོས་དང་བྱེ་མའི་ཐོན་ལས་གོང་དུ་སྤེལ་བའི་བརྩོན་སེམས་སྐུལ་སྤེལ་གང་ལེགས་བྱས་པ་དང་། བྱེ་འགོག་བྱེ་བཅོས་ཀྱི་འཕེལ་རིམ་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་འགུལ་གནས་བབ་མངོན་འགྱུར་བྱས།

ལོ་མང་པོའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་རྒྱལ་ཁོངས་ལྗང་བསྒྱུར་གྱི་མགྱོགས་མྱུར་བྱ་སྤྱོད་གོང་དུ་སྤེལ་བ་དང་། ཐང་རྒོད་ཅན་བཅོས་སྐྱོང་གི་ཤུགས་ཚད་རྒྱུན་མཐུད་ངང་རྒྱ་བསྐྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་སྐྲུན་ལག་བསྟར་བྱས་ཤིང་། སྐྱེ་ཁམས་ལྟ་སྲུང་གི་དྲ་རྒྱ་སྲ་བརྟན་དུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་བཏང་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་ལ་མཚོ་སྔོན་གྱི་བྱས་རྗེས་བཞག

ལོ་ཙཱ། སྒྲོལ་མ་སྐྱིད།