སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་དམ་འཛིན་བྱེད་དགོས།
མཚོ་སྔོན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཆེས་སྔ་བའི་ཞིང་ཆེན་ཞིག་ཡིན་ལ། མིག་སྔར་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གཅིག་པུའང་ཡིན། ལོ་མང་པོའི་རིང་ལ། རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་རང་འགན་དུ་བརྩིས་ཏེ། རྒྱུན་ཆད་མེད་པར་ལག་ལེན་དང་འཚོལ་ཞིབ་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་སའི་གོ་ལའི་ཚེ་སྲོག་གི་ཐུན་མོང་ཚོགས་པ་བསྐྲུན་པར་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས།
སྤྱི་ལེ་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཟིན་པའི་ས་གཞིའི་ཐོག་མཚོ་མོ་སྟོང་ལྔ་ལྷག་ནམ་མཁའི་སྐར་ཚོགས་ལྟར་ཐར་ཐོར་དུ་གནས་པ་དང་གཙང་བོ་སྟོང་བཞི་དང་ཉིས་བརྒྱ་ལྷག་འཕྲེད་གཞུང་སྣོལ་མར་གནས་ཏེ། ལོ་རེར་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ཙམ་འདོན་སྤྲོད་བྱེད་ཀྱིན་ཡོད་ལ། སོ་སོར་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་བོ་ཡི་བརྒྱ་ཆའི་ཉེར་ལྔ་དང་བརྒྱ་ཆའི་ཞེ་དགུ། བརྒྱ་ཆའི་བཅོ་ལྔ་བཅས་ཟིན་ཡོད།
དག་གཙང་གི་ཞིང་ཁམས་འདི་སྲུང་སྐྱོབ་བྱེད་ཆེད། 2005ལོ་ནས་བཟུང་རང་རྒྱལ་གྱིས་སྔ་གཞུག་ཏུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་གྱི་མགོ་བརྩམས་པ་དང་། ད་ལྟའི་བར་དུ་རིམ་བསགས་ཀྱིས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་བརྒྱ་དང་བརྒྱད་ཅུ་ལས་བརྒལ་ཡོད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་དེ་གཙང་གསུམ་འབྱུང་ཡུལ་ནས་མགོ་ཚུགས་པ་དང་། གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡོད་ཅིང་། དེའི་མངའ་འོག་ཏུ་འབྲི་ཆུའི་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་ཡན་ལག་གླིང་ཁུལ་གསུམ་བཙུགས་ཡོད།
ལོ་གསུམ་གྱི་རིང་ལ། ང་ཚོས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དེ་སྒྲིག་སྲོལ་ཚོད་ལྟའི་རྩ་བ་དང་བླ་སྲོག་ཏུ་བརྩིས་ནས། སྔ་གཞུག་ཏུ་ཐོག་མའི་རང་བཞིན་གྱི་བཅོས་སྒྱུར་མང་པོ་ལག་བསྟར་བྱས་པ་དང་། ཁྲིམས་དང་མཐུན་པར་སྤྱི་གླིང་འཛུགས་སྐྲུན་དང་ལྗང་མདོག་ལ་བརྟེན་ནས་སྤྱི་གླིང་འཛུགས་སྐྲུན། དམངས་ཡོངས་ཀྱིས་སྤྱི་གླིང་འཛུགས་སྐྲུན། བློ་གྲོས་ལ་བརྟེན་ནས་སྤྱི་གླིང་འཛུགས་སྐྲུན་བཅས་ཀྱི་འདུ་ཤེས་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་མ་ལག་རིམ་བཞིན་གྲུབ་པ་དང་། སྔོན་ཆད་ཀྱི་སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་བསྒྱུར་ནས། མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོབ་པ་དང་ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་ཀྱི་ཐབས་ལམ་ཅིག་བཏོད་པ་རེད། མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་པ་དང་། 2020ལོར་དངོས་སུ་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་ཆ་རྐྱེན་འཛོམས་ཡོད།
ཐོག་མཐའ་བར་གསུམ་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་སྒོས་གཙང་གསུམ་འབྱུང་ཡུལ་གྱི་རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱས་ཏེ། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བ་དང་ཀྲུང་ཧྭའི་ཆུ་མཛོད་སྔར་ལས་ཇེ་བརྟན་དུ་འགྱུར་བར་ཁག་ཐེག་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་ཚན་རིག་གླིང་གིས་རྩ་འཛུགས་བྱས་པའི་ཕྱོགས་གསུམ་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་ལས་བལྟས་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་བ་དང་། གནད་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་བཞིན་འཐུས་ཚང་དུ་གྱུར་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་བ། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་བྱེད་ནུས་ཉིན་བཞིན་ཇེ་དྲག་ཏུ་འགྲོ་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་འགྱུར་བཞིན་ཡོད། ད་ལྟ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་མངོན་གསལ་དུ་འཕར་སྣོན་བྱུང་བ་དང་། ལྟག་ཆུ་བསྐྱིལ་གསོག་གི་ཚད་ལོ་རེར་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བཞི་བརྒྱ་ལྷག་ཏུ་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་ཡན་དུ་སླེབས་པར་མ་ཟད་ཆུ་སྤུས་བཟང་བོའི་རྣམ་པ་སྲུང་འཛིན་བྱས། གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་པ་དང་། བརླན་སའི་གཞི་ཁྱོན་ཀྱང་རྒྱལ་ཡོངས་ཀྱི་ཨང་དང་པོ་བཟུང་ཡོད། སྔོ་ཁེབས་ཀྱི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། རྩྭ་སའི་སྔོ་ཁེབས་ཀྱི་ཚད་དང་རྩྭའི་ཐོན་ཚད་སོ་སོར་ལོ་བཅུའི་སྔོན་ལས་བརྒྱ་ཆའི་བཅུ་གཅིག་དང་བརྒྱ་ཆའི་སུམ་ཅུའི་ཡན་དུ་ཇེ་མཐོར་སོང་། རྩྭ་ས་ཉམས་ཞན་དུ་འགྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་ཏེ། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་དེ་བཅོས་སྐྱོང་མ་བྱས་སྔོན་ཀྱི་བརྒྱ་ཆའི་ཉི་ཤུ་ཙམ་ནས་བཅོས་སྐྱོང་བྱས་རྗེས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་ཡན་དུ་བསླེབས། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དུ་འཕར་སྣོན་བྱུང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་མངོན་གསལ་སྒོས་ཇེ་མང་དུ་སོང་ཏེ་གྲངས་ཀར་འཕར་སྣོན་བྱུང་། རི་དྭགས་གཙོད་ཀྱི་གྲངས་ཀ་དེ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་གྲངས་ཀ་ཁྲི་གཉིས་ནས་ད་ལྟའི་གྲངས་ཀ་ཁྲི་བདུན་ལྷག་ཏུ་སླར་གསོ་བྱུང་། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་ལེགས་བཅོས་བྱུང་བ་དང་། བྱེད་ཐབས་སྣ་མང་སྤྱད་དེ་ས་གཞན་དུ་གནས་སྤོར་བ་ལག་བསྟར་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན། སྐྱེ་ཁམས་ཕྱུགས་ལས་དང་གནས་སྐོར་ལས་རིགས་གོང་དུ་སྤེལ་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དངོས་གནས་ཇེ་བཟང་དུ་སོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་བཅུའི་ཡན་དུ་འཕར། ལོ་མང་པོར་ཐག་གཅོད་བྱེད་མ་ཐུབ་པའི་མི་ཕྱུགས་ཀྱི་འཐུང་ཆུ་དང་ནུས་ཁུངས་བཀོལ་སྤྱོད་སོགས་ཀྱི་དཀའ་ཁག་ནུས་ཡོད་སྒོས་ཐག་བཅད་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་།
ཁོར་ཡུག་བཟང་བོ་ནི་དམངས་ཚིས་ཡིན་ལ། སྔོ་ལྗང་གི་རི་བོ་ནི་མཛེས་ལྗོངས་ཡིན་པ། སྔོ་བསངས་ཀྱི་མཁའ་དབྱིངས་ནི་བདེ་སྐྱིད་ཡིན་པས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དེས་ང་ཚོར་མ་འོངས་པའི་མཛེས་སྡུག་འཚོ་བའི་རེ་སྨོན་བསྩལ།
རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་པ་ན། སྔོ་བསངས་ཀྱི་མཁའ་དབྱིངས་དང་སྤྲིན་དཀར། རྩྭ་ཐང་། མཚེའུ་སོགས་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་མཛེས་ལྗོངས་ལས་གཞན། གླིང་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་སྒྱུར་བ་ལྟ་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། སྔོན་ཆད་ཀྱི་འབྲོག་པ་མང་ཚོགས་རྣམས་ཕྱུགས་རྫི་ནས་ད་ལྟ་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད་པ་དང་། བྱིས་པ་ཚོས་ཀྱང་གྲལ་དག་ཅིང་ཁོད་ཡངས་པའི་སློབ་ཁྲིད་ཐོག་ཁང་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་སློབ་སྦྱོང་བྱེད་ཀྱིན་ཡོད།
2018ལོའི་ཚུན་ལ། གླིང་ཁུལ་དུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་རྣམ་པ་མངོན་འགྱུར་བྱས་ཤིང་། བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་ཡོད། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་སྐྱེ་ཁམས་ལྟ་སྲུང་པའི་དཔུང་སྡེར་ཞུགས་ཏེ། སྐྱེ་ཁམས་ལྟ་སྲུང་གི་གྲུབ་ཆ་གཙོ་བོ་རིམ་བཞིན་གྲུབ། སྐྱེ་ཁམས་ལྟ་སྲུང་བྱ་བ་སྤེལ་བའི་སྐབས་སུ། བྱས་འབྲས་དཔྱད་ཞིབ་བྱས་པའི་འབྲོག་པ་མང་ཚོགས་ལ་ཟླ་རེར་གླ་ཕོགས་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་པ་དང་། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྩོན་སེམས་ཉིན་རེ་བཞིན་ཇེ་མཐོར་སོང་།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་གཅུམ་གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་ལྷག་བཏང་ཞིང་། འབྲོག་ཁྱིམ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་འཕར་སྣོན་བྱུང་། ང་ཚོས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་དེ། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། དེ་མིན་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ངལ་དོན་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྒྲུབ་པར་སྐུལ་མ་བཏང་ནས། འབྲོག་པ་མང་ཚོགས་ མ་རྐང་དུ་ཞུགས་པ་དང་མཉམ་ལས་ངལ་དོན་སོགས་ཀྱི་བྱེད་སྟངས་སྣ་མང་བརྒྱུད་དེ། ཁྱིམ་ཚང་གི་མགྲོན་ཁང་དང་གནས་སྐོར་ཁང་། མི་རིགས་ཟློས་གར་འཁྲབ་སྟོན། འགྲིམ་འགྲུལ་འགན་སྲུང་། འབྲོག་པའི་སྤྲོ་ཁྱིམ། བཟའ་བཏུང་ཞབས་ཞུ་སོགས་ཀྱི་བདག་གཉེར་ལས་གཞི་གཉེར་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་ལ་འཚམ་པའི་ཐོན་ལས་གསུམ་པ་གོང་དུ་སྤེལ་བར་སྐུལ་འདེད་བཏང་།
ལོ་ཙཱ། སྒྲོལ་མ་སྐྱིད།