ང་ཚོ་ཚང་མར་ལྗང་མདོག་གི་རེ་འདུན་ཞིག་ཡོད།
2019.12.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

 ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་འགོག་སྲུང་ནགས་ཁུལ་ནི་ཚོས་ཀྱིས་བྱུགས་པ་བཞིན་གཟི་མདངས་དྲག་ཏུ་འཚེར། མིག་མདུན་གྱི་ཡུལ་ལྗོངས་འདི་མཐོང་བ་ན། ལོ་གང་མང་ལ་ལྗང་བསྒྱུར་བྱ་བ་བསྒྲུབས་མྱོང་བའི་ནགས་སྲུང་པ་ཁྲེན་ཧྥ་ཡུན་གྱི་གདོང་ལ་དགའ་སྤྲོས་ཁེངས་ཡོད།

“ནགས་ཚལ་འདི་ལས་སླ་མོར་གྲུབ་པ་ཞིག་མིན་ཏེ། མི་རབས་གང་མང་གི་ཁྲག་དང་རྔུལ་ཆུ་ལས་བྱུང་བ་རེད།” ཉིན་རེའི་སྔ་དྲོར་ནགས་སྲུང་པ་ཁྲེན་ཧྥ་ཡུན་སྔ་མོ་ནས་ཡར་ལངས་ཏེ། ལག་ཆ་བསྡུ་གསོག་བརྒྱབ་རྗེས། རང་གི་རྐང་གསུམ་འཁོར་ལོ་བསྐོར་ནས་ནགས་ཚལ་འདི་རུ་ཡོང་སྟེ།  ཉིན་གཅིག་གི་བྱ་བའི་མགོ་བརྩམས།

མི་གཞན་གྱིས་བལྟས་ན་ཁྲེན་ཧྥ་ཡུན་གྱིས་བྱ་བ་ཕལ་བ་ཞིག་སྒྲུབ་བཞིན་ཡོད་ནའང་། ཁོ་རང་གི་སེམས་ནས་དེ་ལྟར་འདོད་ཀྱིན་མེད་དེ། ཁོས་རྒྱུན་དུ་རང་གི་ཕྲག་ཏུ་འགན་འཁྲི་ཞིག་ཁུར་ཡོད་བསམ་བཞིན་འདུག དེ་ནི། འགོག་སྲུང་ནགས་ཚལ་འདིའི་ནང་གི་སྡོང་པོ་ཐམས་ཅད་གསོན་ཤུགས་ལྡན་པར་གྱུར་ནས། མི་རབས་སྔོན་མའི་ངལ་རྩོལ་གྱི་འབྲས་བུ་རང་གི་ལག་ནས་ཉར་ཚགས་དང་རྒྱུན་བསྲིང་རྒྱུ་དེ་ཡིན།

ཁྲེན་ཧྥ་ཡུན་གྱིས་བཤད་རྒྱུར། རང་གིས་ལས་ཀ་འདི་བསྒྲུབས་ཏེ་ལོ་ངོ་བཅུ་གསུམ་འགོར་ཟིན། འདས་ཟིན་པ་ལ་ཕྱིར་དྲན་ཞིག་བྱས་ན། གཏེར་ལེན་ཁའི་བྱེ་རླུང་ཤིན་ཏུ་ཆེ་སྟེ། བྱེ་རླུང་འཚུབ་ཚེ་ལག་པ་ཕར་བརྐྱངས་ན་མཛུབ་གུ་ལྔ་བོ་མི་མཐོང་ཞིང་། ཁྱིམ་ནས་ད་དུང་གློག་བཀར་དགོས། ལོ་ངོ་བཅུ་གསུམ་གྱི་རིང་ལ། གཏེར་ལེན་ཁས་ལྗང་མདོག་ཁོར་ཡུག་ཐད་ནུས་ཤུགས་གང་མང་བཏོན། སྐྱེ་ཁམས་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་གྱུར། ཆར་ཆུ་སྔོན་ཆད་དང་བསྡུར་ན་ཇེ་མང་དུ་གྱུར། ད་ལྟའི་དཔལ་ཡོན་ཆུ་བོའི་འགྲམ་གཉིས་ལྗང་མདོག་ཏུ་གྱུར་ཡོད།

སྐད་ཆ་བཤད་ཡུན་ཙམ་ལ། ཁྲེན་ཧྥ་ཡུན་གྱིས་སྨི་བརྒྱའི་ནང་རོལ་གྱི་ས་རུ་འཐོར་བའི་སྡོང་ལོ་དག་སྡོང་རྩ་རུ་ངོས་སྙོམས་པོར་བཏིང་བ་དང་། ཉེ་འཁོར་དུ་ས་རགས་ཆུང་ཆུང་ཞིག་བསྐོར། ཁོས་བཤད་རྒྱུར། འདི་ལྟར་བྱས་ན་ནགས་ཚལ་གྱི་མེ་དགྲ་འགོག་ཐུབ་ལ། ལོ་མ་མཉམ་དུ་བསགས་རྗེས་སྡོང་པོའི་འཚོ་བཅུད་དུ་འགྱུར་ཐུབ་ཟེར།

གཏེར་ལེན་ཁའི་ཉི་འོད་སྒྲིབ་ཐུབ་པ་ལྟ་བུའི་ལྗང་མདོག་གི་སྲང་ལམ་དུ་འཆམ་འཆམ་དུ་བསྐྱོད་པའམ། ཤིན་ཏུ་དྲང་བའི་ཞིང་སའི་འགོག་སྲུང་ནགས་ཚལ་དུ་སྐྱོད་སྐབས། ཚྭ་འདམ་གཞོང་གི“རླུང་གཡུག་ན་རྡོ་འཁུར་བའི”སྔོན་ཆད་ཀྱི་རྣམ་པ་དེ་སུ་ཞིག་གིས་ཡིད་ལ་དྲན་སྲིད། ཁྲེན་ཧྥ་ཡུན་དང་འདྲ་བར་ལོ་ཐོག་ལོ་བརྩེགས་དང་ཉིན་ཐོག་ཉིན་བརྩེགས་བྱས་ཏེ། ཡང་དང་བསྐྱར་དུ་ས་བདེ་སྙོམས་དང་། སྡོང་འཛུགས་བྱེ་འགོག སྐོར་སྲུང་མེ་འགོག་གི་ནགས་ཚལ་གྱི་བྱ་བ་སྒྲུབ་མཁན་ད་དུང་ཤིན་ཏུ་མང་པོ་ཡོད་ལ། ཁོ་ཚོས་བལྟས་ཚོད་ལ་སྤྱིར་བཏང་ཡིན་ཡང་དོན་དངོས་སུ་སྤྱིར་བཏང་མིན་པའི་ལས་གནས་སྟེང་། རང་གི་མོས་འདུན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་རྩོལ་ལ་བརྟེན་ནས་དུས་རབས་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགྱུར་མེད་ཆོད་སེམས་ལག་ཏུ་བསྟར་བཞིན་ཡོད།

ཀི་ཅ་ཧྥུའུ་ཡིས་རང་གི་བྱ་བ་གླེང་སྐབས་དགའ་སྤྲོ་ཆེན་པོས་བཤད་རྒྱུར། “ལྗང་བསྒྱུར་བྱ་བ་མགོ་མ་བརྩམས་གོང་ལ། མི་ཚང་མ་ནི་ནགས་ཚལ་དང་རྩྭ་ཐང་ལ་དོ་དམ་བྱེད་མཁན་ཙམ་རེད་འདོད་ཀྱང་།  རང་གིས་ལས་རིགས་འདི་བསྒྲུབས་པ་ནས་བཟུང་། ད་གཟོད་ལྗང་བསྒྱུར་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་ལས་ཤིན་ཏུ་སླ་མོ་ཞིག་མིན་པ་ཤེས་སོང” ཟེར།

གཏེར་ལེན་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་བསམ་བློ་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ནགས་ལས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་སྟེང་འབད་བརྩོན་ལྷོད་མེད་བྱས་ཏེ། ལྗང་མདོག་སྐྱེ་ཁམས་ནི་གྲོང་ཁྱེར་འདིའི་ཆེས་སྟུག་པའི་རང་མདངས་ཤིག་དང་། འགྲན་རྩོད་སྟོབས་ཤུགས་འཛོམས་པའི་དགེ་མཚན་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།