དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱེད།
2019.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

 ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བརྩི་བ་རྒྱུན་འཁྱོངས་དང་།  ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་མངོན་གསལ་བླངས།

2019ལོའི་ཟླ་དྲུག་པར་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་མཚོ་སྔོན་ཞིང་ཆེན་ནས་དངོས་སུ་མགོ་བརྩམས།  2016ལོར་རྒྱལ་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་ལག་བསྟར་བྱེད་མགོ་བརྩམས་རྗེས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟས་ཡང་བསྐྱར་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཤོག་སླེ་གསར་བ་ཕྱེས། གླེང་འོས་བ་ཞིག་ནི2017ལོའི་ཟླ7ཚེས7ཉིན། ། ཨ་ཆེན་གངས་རྒྱབ《འཛམ་གླིང་ཤུལ་བཞག་གི་མིང་བྱང》དུ་བཀོད་དེ། རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་འཛམ་གླིང་ཤུལ་བཞག་ཁུལ་དུ་གྱུར།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེན་ཁམས་ཡིན་པ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས།

2016ལོའི་ཟླ3པར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་འགྲེམ་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་གནང་བའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མར་གྱུར།

ད་ལྟའི་བར་དུ་རྒྱལ་ཁབ་སྤྱི་གླིང་དུ་ལས་འགན་སོ་གཅིག་ཕལ་ཆེར་ཡོངས་འགྲུབ་བྱས་ཏེ། ལོ་གཅིག་གི་ནང་རྨང་གཞིའི་བྱ་བ་སྲ་བརྟན་དུ་གཏོང་བ་དང་ལོ་གཉིས་ཀྱི་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་ཞིང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་པ་དང་། སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་གཏོར་བ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཡོངས་སུ་ཐག་བཅད།

མིག་སྔའི་བར་དུ་གླིང་ཁུལ་དུ་བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་ཡོད་པ་དང་། ཁྱོན་ཡོངས་ནས་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་རྣམ་པ་མངོན་འགྱུར་བྱུང་ཞིང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་ཡོད།  སྔ་གཞུག་ཏུ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉེར་གཉིས་ལྷག་བཏང་ཏེ། གཙོ་བོ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྲུང་སྐྱོབ། ཚན་རྩལ་ཁྱབ་སྤེལ་དང་སློབ་གསོའི་ཞབས་ཞུ་སྒྲིག་ཆས། གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས།

2018ལོའི་ལོ་མགོར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་ཁྱབ་སྤེལ་བྱས་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་ཚོད་ལྟ་དང་འཕེལ་རྒྱས་འཛུགས་སྐྲུན་གྱི་དུས་རིམ་དུ་ཞུགས་པ་མཚོན་ཡོད། ལོ་དེར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་གྱི་དུས་དཀྱིལ་དཔྱད་འཇོག་མཇུག་འབྲས་ལས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནས་བབ་རིམ་བཞིན་བཀག་འགོག་བྱས་པ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་མངོན་གསལ་སྒོས་ཇེ་བཟང་དུ་འགྲོ་བཞིན་པ་ཤེས།

2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ་དགུ་ཡི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་མགོ་བརྩམས་པ་དང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་དོན་དྲུག་དང་བྱེ་བ་ལྔ་བཏང་ཏེ། ས་ཁུལ་དེའི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བའི་གནས་བབ་ཐོག་མར་བཀག་འགོག་བྱས། 2014ལོའི་ཟླ་དང་པོར་མ་དངུལ་གཏོང་ཚད་ཆེས་མང་ཞིང་ཚད་གཞི་ཆེས་མཐོ་བའི་དུས་སྐབས་གཉིས་པའི་བཟོ་སྐྲུན་གྱི་མགོ་བརྩམས། མིག་སྔའི་བར་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལ་རིམ་བསགས་ཀྱིས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཆིག་བརྒྱ་ལས་བརྒལ་ཡོད།

2018ལོའི་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་སྒོ་བྱང་བཀལ། དེར་བརྟེན་ནས་མདོ་ལ་རི་རྒྱུད་དུ་སྐྱེ་ཁམས་ས་ཁོངས་ལས་བརྒལ་དེ་གཅིག་གྱུར་གྱིས་སྲུང་སྐྱོབ་དོ་དམ་བྱེད་པ་མངོན་འགྱུར་བྱུང་།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མགོ་བརྩམས་པ་ལས། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་ཐོབ། 2019ལོའི་ཟླ་གསུམ་པར་ཁྱབ་སྒྲོག་བྱས་པའི་མཇུག་འབྲས་ཤིག་ལས་མངོན་པ་ལྟར་ན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་ནས་འཛམ་གླིང་ཡོངས་སུ་མཐོང་དཀོན་ཞིང་རྒྱལ་ནང་དུ་ཐོག་དང་པོ་ཡིན་པའི་རི་དྭགས་གསའ་ལྔ་མཉམ་དུ་གནས་པ་ལྟ་ཞིབ་ཚད་ལེན་བྱུང་བར་མ་ཟད། ད་དུང་རི་དྭགས་འཕར་བ་དང་བྱེ་ཐང་བྱི་ལ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱང་ལྟ་ཞིབ་ཚད་ལེན་བྱུང་།

མཚོ་སྔོན་དུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ཞིང་ཆེན་ལ་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་ཏེ་གཅིག་གྱུར་གྱིས་སྐུལ་སྤེལ་བྱས། མིག་སྔའི་བར་དུ2018ལོའི་རི་དྭགས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། རི་དྭགས་གསའ་ཡི་བརྙན་གཟིགས་རྒྱུ་ཆ་དགུ་བརྒྱ་ང་བདུན་འཚོལ་སྡུད་བྱས་པ་དང་། ཐེངས་མང་པོར་རི་དྭགས་གསའ་མང་པོ་མཉམ་དུ་གནས་པ་བརྙན་ཕབ་བྱུང་བ་ལས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དང་སྐྱོན་བྲལ་ངང་ཇེ་ལེགས་སུ་འགྲོ་བཞིན་པ་ཤེས་ཐུབ།

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་ཁོར་ཡུག་གི་ཞན་ཆ་ཁ་གསབ་བྱས་ཏེ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་དོ་དམ། ཆུའི་འབག་བཙོག་འགོག་བཅོས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ཞིང་། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་བཞུར་རྒྱུན། མདོ་ལ་རི་རྒྱུད། རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུན་བཅས་སུ་གཙོ་བོ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་སོགས་ཀྱི་བཟོ་སྐྲུན་ཆིག་བརྒྱ་སོ་ལྔ་ལག་བསྟར་བྱས་ཏེ། ཆུའི་འབྱུང་ཁུངས་ཀྱི་ཁོར་ཡུག་གནད་དོན་ལེགས་བཅོས་བྱེད་པ་བདེ་བླག་ངང་ཡོངས་འགྲུབ་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ཙོང་ཆུའི་འབག་བཙོག་བཅོས་སྐྱོང་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་བཏང་ནས།  མ་ཡུམ་ཆུ་བོ་སྲུང་སྐྱོབ་བྱེད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས།

སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་ཏུ་གཏོང་བར་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱས།

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ནས་ཐོག་མར་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་བཙུགས་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་བཙུགས་པར་མ་ཟད། གོམ་གང་མདུན་སྤོས་སྒོས་ཞིང་ཆེན་ཡོངས་ཀྱི་གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་ལ་ཁེབས་པའི་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་འཐུས་ཚང་དུ་བཏང་།

དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱིས་གནད་སའི་འབག་བཙོག་འབྱུང་ཁུངས་ཀྱི་ལྟ་ཞིབ་ཚོད་འཛིན་མ་ལག་དང་སྤོ་སྒུལ་ཁྲིམས་འཛིན་སྟེགས་བུ། ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་རྒྱ་སོགས་ཧྲིལ་བསྡུས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་གི་འབག་བཙོག་དང་ཁོར་ཡུག་གི་ཉེན་ཁའི་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་བཅས་གཞི་གཅིག་ཅན་གྱི་སྟེགས་བུ་བཙུགས་པ་དང་། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་མཉམ་འགུལ་མངོན་འགྱུར་བྱས།

རྒྱུན་ཆད་མེད་པར་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ལམ་ལུགས་བཅོས་བསྒྱུར་ལག་བསྟར་ཇུས་གཞི》གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ཁྱབ་ཁོངས་དང། དབང་ཆའི་འོས་འགན་གཙོ་བོ། གུན་གསབ་འཇལ་བའི་ཐག་གཅོད་ཐབས་ལམ་བཅས་གསལ་བོ་བྱས་བ་དང་ཆབས་ཅིག  བཙོག་འབུད་ཆོག་འཐུས་ལམ་ལུགས་དཀྱིལ་སྙིང་ཡིན་པའི་རྣམ་པ་གསར་བའི་ཁོར་ཡུག་དོ་དམ་ལམ་ལུགས་མ་ལག་མགྱོགས་མྱུར་ངང་བཙུགས་པ་དང་། བཙོག་འབུད་ཆོག་འཐུས་དཔང་ཡིག་དོ་དམ་གཏན་འབེབས་འགྲེམ་སྤེལ་བྱས་ཏེ། བཙོག་འབུད་དབང་ཆ་ཉོ་ཚོང་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་། ཁོར་ཡུག་ནི་དམངས་ཚིས་ཡིན་ལ། སྔོ་ལྗང་གི་རི་བོ་ནི་མཛེས་སྡུག་ཡིན་པ། སྔོ་བསངས་ཀྱི་མཁའ་དབྱིངས་ནི་བདེ་སྐྱིད་ཡིན་པ་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་གསར་སྐྲུན་རེ་རེ་ནི། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ཆུང་བ་ནས་ཆེ་བ་དང་ཞན་པ་ནས་སྟོབས་ལྡན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་ལམ་ཚད་ཡིན་པས། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསམ་བློའི་ངོས་ཟིན་གཏིང་ཟབ་ལ། འབག་བཙོག་བཅོས་སྐྱོང་གི་ཤུགས་ཚད་ཆེ་ཞིང་ལམ་ལུགས་འགྲེལ་སྤེལ་བྱས་ཚད་གཟབ་ནན་ཡིན་པ། ལྟ་སྐུལ་དོ་དམ་ཇེ་དྲག་དང་ཁོར་ཡུག་ལེགས་བཅོས་གྱི་མྱུར་ཚད་མགྱོགས་པ་བཅས་མཚོན་ཐུབ།

ལོ་ཙཱ། སྒྲོལ་མ་སྐྱིད།