གཙང་གསུམ་འབྱུང་ཡུལ་ནས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་བར་གྱི་སྐྱེ་ཁམས་འཕོ་འགྱུར།
2019.12.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 31

 མཚོ་སྔོན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་སྔ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ལ། མིག་སྔར་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཅིག་པུའང་ཡིན། ལོ་ངོ་མང་པོའི་རིང་ལ། ས་གནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དེ་རང་འགན་དུ་བརྩིས་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་ཞིག་གཏོད་ཆེད་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

གཙང་གསུམ་འབྱུང་ཡུལ་ནི་འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པས་དེ་ནི་ཨེ་ཤ་ཡའི་གལ་ཆེ་བའི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་ཀྱིན་ཡོད།

དག་གཙང་གི་ཞིང་ཁམས་འདི་སྲུང་སྐྱོབ་བྱེད་ཆེད། 2005ལོ་ནས་བཟུང་རང་རྒྱལ་གྱིས་སྔ་རྗེས་སུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་ལས་གཞི་ལག་བསྟར་བྱས་པ་དང་། ད་ལྟའི་བར་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་བཏང་ཡོད་པ་རེད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་ས་འདི་ནས་མགོ་ཚུགས་ཤིང་། གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཟིན་པ་དང་། དེའི་མངའ་ཁོངས་སུ་འབྲི་ཆུའི་མགོ་ཁུངས་དང་། རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་ཡན་ལག་གླིང་ཁུལ3བཙུགས་ཡོད་པ་རེད།

2004ལོ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འབྲོག་པ་མང་ཚོགས་འབུམ་གཅིག་ཙམ་རྩྭ་ཐང་ནས་གནས་སྤོས་པ་དང་། 2006ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་མེད་པར་བཟོས་པ་དང་། ཆུའི་སྨད་རྒྱུད་དུ་སྐྱེ་ཁམས་རྒྱུ་ནོར་དེ་བས་མང་བོ་སོར་འཇོག་བྱེད་ཆེད། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོའི་ཁོངས་གཏོགས་རྫོང8དང་གཙོ་གནད་སྐྱེ་ཁམས་ཁོངས་གཏོགས་རྫོང20ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དང་། བཟོ་ལས་ཀྱི་འཕར་ཐང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་ཁག་བཞི་མེད་པར་བཟོས་པ་རེད། 2018ལོའི་ཟླ10པར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་ལ།  ས་གནས་མང་ཚོགས་སྔར་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་དང་དོ་དམ་ནང་ཞུགས་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཙུགས་པ་དང་ཡོང་འབབ་ཁྱིམ་ཚང་རེར་ཆ་སྙོམས་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་།

འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་ཉེ་བའི་ལོ་ཤས་རིང་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་ཐོག་མ་བསྐྲུན་མགོ་ཚུགས་པ་རེད།

སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཐོག་ཆེད་མཁས་པས་བསྟན་དོན། མི་རབས་ནས་མི་རབས་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁུལ་དུ་གནས་པའི་འབྲོག་པ་མང་ཚོགས་ཀྱི་ངོས་ཐད་ནས་བཤད་ན། གཙང་གསུམ་འབྱུང་ཡུལ་ནི་ཁོ་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ས་གནས་མང་ཚོགས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཁྲོད་ཐད་ཀར་ཞུགས་སུ་བཅུག་པ་དེ། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཀྱི་ཁྱད་ཆོས་ཞིག་ཡིན་པ་དང་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་དེའང་འབྱུང་འགྱུར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གནད་འགག་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་འདི་ཉིད་ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་བྱེད་མཁན་བཅས་སུ་འགྱུར་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་རྒྱལ་ཁབ་སྤྱི་གླིང་ལའང་འཛམ་གླིང་གིས་རེ་བཞག་ཆེན་པོ་བཅངས་ཡོད། གཙང་གསུམ་འབྱུང་ཡུལ་དུ་རྟོག་ཞིབ་ཐེངས་མང་བྱེད་མཁན་དབྱིན་ཇིའི་ཁོར་ཡུག་དང་འདབ་ཆགས་རིགས་ཀྱི་ཆེད་མཁས་པ་ཐང་རུའེ་ཡིས་གསར་འགོད་པར་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་མི་རྣམས་ཀྱིས་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་པ་དང་རང་བྱུང་ཁམས་ཀྱི་ཐུན་མོང་མ་ཡིན་པར་ཉམས་ལེན་བཅས་བྱེད་ཐུབ། རྒྱལ་ཁབ་སྤྱི་གླིང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ས་གནས་དམིགས་བསལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་བརྟེན་ནས་མ་འོངས་པར་ཀྲུང་གོ་ལ་འཛམ་གླིང་རིམ་པའི་རྒྱལ་ཁབ་སྤྱི་གླིང་རྩེ་གྲས་ཞིག་ཆགས་རྒྱུ་རེད་ཟེར།

ད་ལྟ།  སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འབྲོག་ཁུལ་དུ་ཁྱབ་གདབ་ཏུ་གཏོང་བ་དང་།  ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་པ། ཞིང་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་རྩ་དོན་དུ་བཟུང་ཞིང་། ལྗང་མདོག་འཕེལ་རྒྱས་འདུ་ཤེས་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་དང་ཁོར་སྲུང་། ལྗང་མདོག་བཅས་ལ་ཤུགས་བསྣན་ནས་དམངས་ལ་ཕན་བདེ་བསྐྲུན་གྱིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།