གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་པའི་མཚོ་སྔོན་གྱི་ས་གཞི་ཆེན་པོ་འདིའི་སྟེང་། མི་རྣམས་ཀྱིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཡིད་ལ་དམ་པོར་བཅངས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་སྲུང་དང་དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མའི་གཅིག་གྱུར་བྱ་སྤྱོད་དུ་གྱུར་ཡོད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། འཐབ་ཇུས་བཀོད་སྒྲིག་ནས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་བར་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་དེ་འཕེལ་རྒྱས་ཀྱི་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཀྱིན་ཡོད།
ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བརྩིས་ཏེ། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་ལག་ལེན་དངོས་འབེབས་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཤིང་། སྐྱེ་ཁམས་དམ་འཛིན་མི་བྱེད་པ་ནི་འགལ་འཛོལ་ཡིན་པ་དང་སྐྱེ་ཁམས་དམ་འཛིན་ལེགས་པོ་མི་བྱེད་པ་ནི་ལས་འགན་མི་ཐེག་པ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་བ་གྲུབ་པར་སྐུལ་འདེད་བྱས།
2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་ནས་བྱ་བར་གཟིགས་ཞིབ་མཛད་སྐབས། མཚོ་སྔོན་གྱིས་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་གྱིས་འབད་བརྩོན་སྒོས་དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བར་བཀོད་སྒྲིག་བྱས།
ད་ལྟའི་བར་དུ་མཚོ་སྔོན་གྱིས་གོམ་གང་མདུན་སྤོས་སྒོས་ཞིང་ཆེན་གྱི་གནས་ཚུལ་ལ་གཏིང་ཟབ་ཏུ་ངོས་འཛིན་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཏོན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པར་བཀོད་སྒྲིག་ཞིབ་རྒྱས་བྱས།
ད་ལྟའི་མཚོ་སྔོན་དུ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་སོགས་ཀྱི་ཆུ་སྤུས་རིགས་གཉིས་པའི་ཡན་དུ་སྲུང་འཛིན་བྱས་པ་དང་། ཚ་རྔ་འགག་ཆུ་མཛོད་སོགས་ཆུ་མཛོད་གལ་ཆེན་དང་ཚྭ་འདམ་གཞོང་གི་ཆུ་སྤུས་རིགས་གསུམ་པ་ཡན་དུ་སྲུང་འཛིན་བྱས་ཡོད། 2018ལོར་ཙོང་ཆུ་བཅོས་སྐྱོང་བྱས་ནས་ལོ་རྒྱུས་ཀྱི་ཆེས་བཟང་བའི་ཆུ་ཚད་དུ་བསླེབས་ཏེ། རྒྱལ་ཁབ་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།
ལོ་རེ་རེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་ལེན་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མ་ལག་ལྡན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་དོ་དམ། ཆུའི་འབག་བཙོག་འགོག་བཅོས་སོགས་ལ་སྐུལ་འདེད་བཏང་ཞིང་། གནད་སའི་བཞུར་རྒྱུན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ། ཆུ་མཛོད་ལེགས་ཤོས་ཀྱི་སྐྱེ་ཁམས་སྲུང་སྐྱོབ། བཟོ་ལས་ར་བའི་བཟོ་ལས་ཀྱི་བཙོག་ཆུ་གཅིག་སྡུད་སྒོས་ཐག་གཅོད། གཅིག་བསྡུས་རྣམ་པའི་འཐུང་ཆུའི་འབྱུང་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སོགས་ལས་གཞི་ཆིག་བརྒྱ་སོ་ལྔ་ལག་བསྟར་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་ཁོར་ཡུག་གནད་དོན་ལེགས་སྒྲིག་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས།
ཙོང་ཆུའི་འབག་བཙོག་བཅོས་སྐྱོང་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་བཏང་ཏེ། གནད་སའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས། མཚོ་སྔོན་མི་དམངས་ལ་དྭངས་གཙང་གི་ཆུ་མོ་ཞིག་འདོན་སྤྲོད་བྱེད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས་ཤིང་། ད་ལོའི་ཙོང་ཆུའི་བཞུར་རྒྱུན་གྱི་ཆུ་སྤུས་ཚད་གཞིར་སླེབས་ཚད་བརྒྱ་ཆའི་བརྒྱ་ལ་ཐོན།
མཚོ་སྔོན་ཞིང་ཆེན་གྱིས་ཡུལ་བབ་དང་བསྟུན་ནས་ཐལ་རྡུལ་འགོག་པ་དང་རླངས་འཁོར་ཚོད་འཛིན། ཁེ་ལས་བཅོས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་དངོས་འབེབས་བྱས་ཤིང་། 2017ལོའི་ལོ་མཇུག་གི་བར་ཞིང་ཆེན་ཡོངས་སུ་རིམ་བསགས་ཀྱིས་རླངས་འཁོར་རྙིང་བ་ཁྲི་ལྔ་ལྷག་མེད་པར་བཟོས་ཏེ། མར་སྤྲད་པའི་ལས་འགན་ལྷག་འགྲུབ་བྱས། ཟི་ལིང་གྲོང་ཁྱེར་གྱིས་ནུབ་བྱང་ས་ཁུལ་ནས་ཐོག་མར་སོལ་རླངས་བསྒྱུར་བཀོད་གྱི་ལས་གཞི་ལག་བསྟར་བྱས་ཏེ། རིམ་བསགས་ཀྱིས་ཁྲོ་ཐབ་སྟོང་གཉིས་ལྷག་བསྒྱུར་བཀོད་བྱས་ཤིང་། ས་ཁོངས་ཁོར་ཡུག་གི་མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་གྱུར་བ་དང་། ཁོར་ཡུག་གི་འབག་བཙོག་ཚོད་འཛིན་བྱས་ཚད་ཀྱང་སྤྱི་ཡོངས་ནས་མཐོར་འདེགས་བྱུང་།
མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་བརྒྱུད་དེ་ཟི་ལིང་གྲོང་ཁྱེར་ནས་གཙང་གསུམ་འབྱུང་ཡུལ་དུ་འཚོ་སྡོད་བྱས་པའི་རི་དྭགས་རྐྱང་དང་གཙོད་སོགས་ཀྱི་གནས་ཚུལ་ལ་རྒྱུན་དུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་དང་། མཚོ་སྔོན་པོའི་བཞུར་རྒྱུན་དང་མདོ་ལ་རི་བོའི་མཛེས་སྡུག་གི་རྣམ་པ་དེ་དག་གིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད་སྲིད།
ལོ་མང་པོའི་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་ཆེན་པོར་བརྟེན་ནས། རྒྱལ་ཡོངས་ནས་ཐོག་མར་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་བཙུགས་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་བཙུགས་པ་རེད།
དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་གྱིས་འབག་བཙོག་འབྱུང་ཁུངས་གཙོ་བོའི་དྲ་ཐོག་ལྟ་ཞིབ་ཚོད་འཛིན་མ་ལག་དང་སྤོ་སྒུལ་ཁྲིམས་འཛིན་སྟེགས་བུ། རྒྱལ་ཡོངས་ནས་ཐོག་མར་བཙུགས་པའི་དུག་ཡོད་གནོད་ལྡན་རླུང་གཟུགས་ཀྱི་ལྟ་ཞིབ་ཚད་ལེན་ཉེན་བརྡའི་མ་ལག ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་ཚིགས་སོགས་ཧྲིལ་བསྡུས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་འབག་བཙོག་དང་ཁོར་ཡུག་ཉེན་ཁའི་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་གཞི་གཅིག་ཅན་གྱི་སྟེགས་བུ་བཙུགས་པ་དང་། ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་མཉམ་ལས་མངོན་འགྱུར་བྱས།
མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱ་བ་དེ་ཆེས་ཐོག་མའི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ནས་མགོ་ཚུགས་ཏེ། མིག་སྔའི་སྤྱི་ཚོགས་ཡོངས་ལ་ཁོར་ཡུག་གི་མཁའ་དབུགས་དང་སྙིགས་རླངས། ཆུ་དང་སྙིགས་ཆུ། ས་རྒྱུ། འུར་སྒྲ། ཁང་བའི་ནང་གི་མཁའ་དབུགས་སོགས་རིགས་ཆེན་པོ་བཅུའི་རྣམ་གྲངས་ཉིས་བརྒྱ་བཅོ་བརྒྱད་ཀྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་འདོན་སྤྲོད་བྱེད་ཐུབ་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས། སྔོན་ཐོན་དང་སྤྱོད་བདེ་བའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལས་སྒོའི་མ་ལག་གྲུབ་ཡོད།
སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་པ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་བྱས་ན། ད་གཟོད་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་ཐུབ།
ད་ལྟའི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་འདིའི་སྟེང་མཚོན་རྟགས་རང་བཞིན་དང་འདེགས་སྐྱོར་རང་བཞིན་ལྡན་པའི་བཅོས་སྒྱུར་ལམ་ལུགས་རེ་རེ་ཡིས། སྐྱེ་ཁམས་དཔལ་ཡོན་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག དཔྱད་ཞིབ། འགན་འཁྲི་རྩད་གཅོད་བཅས་ཀྱི་མ་ལག་ཕལ་ཆར་བཙུགས་པ་དང་། ཀྲུང་དབྱང་གི་བླང་བྱ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཀ་བཞི་གདོང་བརྒྱད་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་བསྐྲུན་ཡོད།
རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འགན་སྲུང་ལམ་ལུགས་རིམ་བཞིན་ཚད་ལྡན་དང་ཚན་རིག་གི་མ་ལག་ཁྲོད་བཀོད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ལོ་རྒྱུས་སྟེང་གི་འཆར་འགོད་ཆེན་པོ་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་གཏན་ལ་ཕབ་ཏེ། ཐོག་མར་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་ངོས་ཐད་ནས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་ལ་རྩེ་གྲས་ཀྱི་ཇུས་འགོད་བྱས་པ་དང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དེ་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཚན་ཆུང་གིས་གྲོས་ཞིབ་བྱས་རྗེས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་པར་འགྲེམ་བྱས་པའི་ཇུས་གཞི་ཐོག་མ་ཡིན་པའི་ཆ་ནས། རང་རྒྱལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མགོ་བརྩམས།
ཉེ་བའི་ལོ་འདི་འགར། མཚ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་ལམ་ལུགས་བཅོས་སྒྱུར་ལག་བསྟར་ཇུས་གཞི》འགྲེམ་སྤེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། 2020ལོར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་འགན་འཁྲི་ཁ་གསལ་ཞིང་ཐབས་ལམ་མང་བ། རྐྱེན་སྲོལ་འཐུས་ཚང་ཡིན་པ། ལག་རྩལ་ཚད་ལྡན་དང་འགན་སྲུང་ནུས་ལྡན་ཡིན་པ། སྐྱིན་ཚབ་འཇལ་དགོས་པ་ཚང་མར་སྐྱིན་བ་འཇལ་བ། སླར་གསོ་ནུས་ལྡན་ཡིན་པ། ཆ་འཕྲིན་ཁྲོམ་བསྒྲགས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་ལམ་ལུགས་འཛུགས་རྒྱུ་ཡིན་པ་གསལ་བོ་བྱས། དེ་དང་ཆབས་ཅིག་ཏུ་སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་ཐོག་མ་བཙུགས།
སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཧུར་ཐག་གིས་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་བྱ་བ་སྤེལ། མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་བསྡོམས་པས་རྩྭ་ཐང་དང་ནགས་ཚལ། བརླན་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྤྱི་ཕན་ལས་རྐང་འབུམ་གཅིག་ལྷག་བཀོད་སྒྲིག་བྱས་ཡོད། དེའི་ནང་སྐྱེ་ཁམས་དབུལ་སྐྱོར་དོ་དམ་སྤྱི་ཕན་ལས་རྐང་ཁྲི་བཞི་ལྷག་ལས་བརྒལ་ཡོད་པས། སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འགལ་བ་ནུས་ཡོད་སྒོས་ཞི་འཇགས་སུ་བཏང་ཡོད།
དུས་མཚུངས་སུ། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཚད་བཀག་དབྱེ་འབྱེད་གཏན་འབེབས་ཇུས་གཞི》དེར་རྒྱལ་ཁབ་རིམ་པའི་ཆེད་མཁས་པས་དཔྱད་ཞིབ་བྱས་ཏེ། མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་ཚད་བཀག་ས་མཚམས་ཀྱི་ཚད་གཞི་གཏན་འཁེལ་མགོ་བརྩམས། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་སྐྲུན་གྱི་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ》དེ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི2018ལོའི་གཞི་གྲངས་དཔལ་འབྱོར་ཚོད་ལྟའི་བཟོ་སྐྲུན་ལས་གཞི་གལ་ཆེན་དུ་བཀོད་དེ། ཁ་གསབ་རོགས་དངུལ་སྒོར་བྱེ་བ་གསུམ་དངོས་འབེབས་བྱས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ནས་ཐོག་མར་གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་དུ་རྒྱང་ཚོར་ལག་རྩལ་ལ་བརྟེན་ནས་བྱ་དངོས་ཀྱི་གྲངས་ཚད་གཙོ་བོར་བྱས་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་བཟོ་སྒྲིག་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་ཏེ། བཙོག་འབུད་དབང་ཆའི་ཉོ་ཚོང་དེ་རྒྱུན་རྣམ་ཅན་དུ་གྱུར་བ་དང་། ཁོར་ཡུག་འབག་བཙོག་གི་འགན་འཁྲིའི་ཉེན་ཚབ་དེ་ཉེན་ཁ་མཐོ་བའི་ལས་རིགས་ཕྱོགས་སུ་ཁྱབ་པར་མ་ཟད། ཁོར་ཡུག་འབག་བཙོག་གི་ཕྱོགས་གསུམ་པའི་ལས་གཉེར་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད།
ལོ་ཙཱ།སྒྲོལ་མ་སྐྱིད།