《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ལག་ལེན་དངོས་འབེབས་བྱེད་པའི་ལག་བསྟར་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས།
2020.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ལག་ལེན་དངོས་འབེབས་བྱེད་པའི་ལག་བསྟར་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས། 《ཇུས་གཞི》ལས་བསྟན་དོན། 2020ལོའི་བར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས་ཏེ། དཔྱད་ཞིབ་གདེང་འཇོག་གྲུབ་འབྲས་དང་འབྲེལ་ཡོད་ཚད་གཞིའི་འཚོལ་ཞིབ་ལྟར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་ཡིན་པ་རེད། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་ཧྲིལ་བསྡུས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་མ་ལག་གི་རྩ་བའི་སྒྲོམ་གཞི་འཛུགས་པ་དང་། 2025ལོའི་བར། རྒྱལ་ནང་དང་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་རྒྱུ་རེད།

《ཇུས་གཞི》ལས་བསྟན་དོན། 《མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་འཆར་འགོད》བཟོ་སྒྲིག་བྱེད་མགོ་རྩོམ་པ་དང་ཆབས་ཅིག་ཏུ་མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་བཟོ་སྒྲིག་བྱ་བའི་མགོ་བརྩམས་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་ཧྲིལ་བསྡུས་བྱེད་པའི་བྱ་བ་སྤེལ་བ་དང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དང《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། འཕྲོ་རིམ་འཕྲོར་སྲུང་སྐྱོབ་ས་ཁུལ་སྣ་ཚོགས་གཞན་དག་གི་འཆར་འགོད་བཟོ་སྒྲིག་བྱ་བ་སྤེལ་བ་དང་། ལོ་འཁོར་གྱི་ལག་བསྟར་འཆར་གཞི་གཏན་འབེབ་བྱེད་དགོས།

དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། ཁྲིམས་ལྟར་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ལས་ཁུངས་ལ་དོ་དམ་ཁྱབ་ཁོངས་ཁྲོད་དགོས་ངེས་ཀྱི་ཐོན་ཁུངས་ཁོར་ཡུག་སྲིད་འཛིན་ཕྱོགས་བསྡུས་ཁྲིམས་འཛིན་ལག་བསྟར་བྱེད་པའི་འགན་འཁྲི་སྤྲོད་དགོས། ཕན་མཐོ་ནུས་ལྡན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། རིམ་བཞིན་སྲུང་སྐྱོབ་དོ་དམ་དཔུང་སྡེ་ལས་རིགས་ཅན་དང་སྒྲིག་ཆས་ཚད་གཞི་ཅན་དུ་མངོན་འགྱུར་བྱེད་དགོས།  མ་ལག་ཆ་ཚང་བའི་ཕྱོགས་བསྡུས་ཁྲིམས་འཛིན་ལམ་ལུགས་དང་། རང་བྱུང་ཐོན་ཁུངས་ཀྱི་ཉེས་དོན་ཁྲིམས་འཛིན་དང་སྲིད་འཛིན་ཁྲིམས་འཛིན་གྱི་ཕན་ནུས་མཐོ་བའི་མཉམ་འགུལ་རྐྱེན་སྲོལ་བཙུགས་ཏེ། ས་གནས་ཀྱི་དོན་དངོས་དང་མཐུན་པའི་ཕྱོགས་བསྡུས་ཁྲིམས་འཛིན་དཔེ་དབྱིབས་གྲུབ་པར་བྱེད་དགོས། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མནའ་འབྲེལ་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་ཁུལ་བར་གྱི་སྐྱེ་ཁམས་ཁོར་ཡུག་མཉམ་འགོག་མཉམ་བཅོས་བྱ་བར་ཤུགས་སྣོན་དང་། མུ་འབྲེལ་ས་ཁུལ་དུ་མཉམ་འབྲེལ་ཁྲིམས་འཛིན་བྱ་བ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས།

གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། མདོ་ལ་རི་བོ། ཚ་འདམ་གཞོང་། ཙོང་ཆུའི་ས་ཁུལ། རང་བྱུང་ནགས་སྲུང་སྐྱོབ། རྨོ་བསྐྱུར་རྩྭ་འདེབས། ཕྱུགས་བསྐྱུར་རྩྭ་འདེབས། བརླན་ས་སྲུང་སྐྱོབ། ས་ཆུ་སྲུང་འཛིན། གཏེར་ཁུལ་སླར་གསོ་སོགས་སྲུང་སྐྱོབ་བཟོ་སྐྲུན་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་མཐོར་འདེགས་གཏོང་དགོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་བླང་བྱ་དངོས་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ནགས་ཚལ་དང་བརླན་སའི་རྒྱ་ཁྱོན་རྒྱ་བསྐྱེད་པ་དང་། རྩྭ་སའི་སྔོ་ཁེབས་ཀྱི་ཕྱོགས་བསྡུས་ཁེབས་ཚད་ཇེ་མཐོར་གཏོང་བ། སྐྱེ་ཁམས་མ་ལག་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་དགོས།

སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ཆེན་པོ་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོབ་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། འཁྱགས་རོམ་དང་གངས་རིར་སྲུང་སྐྱོབ་དང་ནགས་ཚལ་དང་རྩྭ་སའི་སྤང་ཤུན་སླར་གསོ། བྱེ་ཐང་གི་སྔོ་ཁེབས་སྲུང་སྐྱོབ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་དགོས། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱེད་ས་ལེགས་བཅོས་བྱེད་པ་དང་། འཚོ་སྡོད་བྱེད་སའི་ས་ཁུལ་གྱི་ལྕགས་ར་སོགས་མེད་པར་བཟོ་བ།   ལྕགས་ལམ་དང་གཞུང་ལམ་འགྲམ་རྒྱུད་ཀྱི་སྔོ་ཁེབས་སླར་གསོ་བྱས་ཏེ། རི་སྐྱེས་སྲོག་ཆགས་བག་ཡངས་སུ་རྒྱུ་བར་ཁོར་ཡུག་བཟང་བོ་བསྐྲུན་དགོས།

མཐའ་བསྐོར་གྱི་གྲོང་རྡལ་དང་སྡེ་བ། ནགས་ར། ཕྱུགས་ར། སྡོད་ཁུལ་སོགས་སུ་སྤྱི་པའི་ཞབས་ཞུ་དང་སྣེ་ལེན་ལྟེ་གནས་ས་ཚིགས་འཛུགས་པར་བརྟེན་ནས། སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་ལྟར། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་ལས་གཞི་ཇུས་འགོད་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་རང་བྱུང་སྐྱེ་ཁམས་ཉམས་ལེན་ས་ཁུལ་དང་ཁོར་ཡུག་སློབ་གསོའི་འགྲེམ་སྟོན་སྟེགས་བུ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས། སྤྱི་དམངས་རང་བྱུང་ཁམས་དང་འདྲེས་པར་བྱེད་པ་དང་། རང་བྱུང་ཁམས་ལ་རོལ་མྱོང་བྱེད་པའི་བརྒྱུད་རིམ་ཁྲོད། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

གོམ་གང་མདུན་སྤོས་སྒོས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་སྲིད་ཇུས་འཐུས་ཚང་དུ་བཏང་ཏེ། སྲུང་སྐྱོབ་ས་ཁུལ་གྱི་མང་ཚོགས་ཀྱིས་ཐོན་ལས་བསྒྱུར་ནས་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་སྤྱི་གླིང་སོགས་སྲུང་སྐྱོབ་ས་ཁུལ་མཐའ་བསྐོར་དུ་མཛེས་སྡུག་གི་མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱས་ཏེ། མཁར་གྲོང་གིས་སྲུང་སྐྱོབ་ས་ཁུལ་དོ་དམ་དང་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་མི་གྲངས་སྤོ་བསྒྱུར་དང་ཐོན་ལས་གཅིག་བསྡུས་བྱེད་པའི་ནུས་ཤུགས་མཐོར་འདེགས་གཏོང་དགོས། ས་གནས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཁྲོད་ཞུགས་ནས་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས། ལས་རིགས་ནུས་རྩལ་གསོ་སྦྱོང་བྱེད་པ་བརྒྱུད་དེ། མང་ཚོགས་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་དང་ས་གཞན་དུ་ལས་ཞུགས་བྱེད་པར་ཁྲིད་སྟོན་བྱེད་དགོས།

རོང་འབྲོག་ཁུལ་གྱི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་དང་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པ་ཁ་ཕྱོགས་གཙོ་བོར་བྱས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱས་ཏེ། སྲུང་སྐྱོབ་ས་ཁུལ་གྱི་གད་སྙིགས་རིགས་བཀར་ནས་ཐག་གཅོད་དང་བཙོག་ཆུ་བཅོས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ་ནས་གད་སྙིགས་མེད་པའི་ཞིང་ཆེན་རིམ་པའི་གསར་སྐྲུན་ཚོད་ལྟ་ལག་བསྟར་བྱེད་པ་དང་། རོང་འབྲོག་ཁུལ་དུ་སྤྱོད་ཁང་གསར་བརྗེའི་མཁྲེགས་གཏོར་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སྤྱོད་ཁང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ནས། འཆམ་མཐུན་མཛེས་སྡུག་གི་ཁྱིས་གཞིས་གསར་བ་མཉམ་དུ་བསྐྲུན་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།