རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་ནི་མཚོ་སྔོན་གྱི་ཆེས་མཛེས་པའི་མིང་བྱང་ཡིན།
2020.01.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

 སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མདུན་གྲས་སུ་གནས་པའི་མཚོ་སྔོན་གྱིས་ཀྲུང་ཧྭའི་ཆུ་མཛོད་ཅི་ལྟར་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དེ་རང་འགན་དུ་བརྩིས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་པར་མདུན་ལྗོངས་ཡངས་པོ་བསྐྲུན།

མཚོ་སྔོན་དུ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྔ་རྗེས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་བསྟུན་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ཀྱང་འཛུགས་སྐྲུན་བྱེད་མགོ་ཚུགས།  མཚོ་སྔོན་རང་འགུལ་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ཁྲོད་འདྲེས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ། ཤུགས་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་སྤེལ་བྱས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ཐོག་མ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། ཧུར་ཐག་གིས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་སྡུག་གི་མ་འོངས་བ་གསར་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་བཞག

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་པ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པ་རེད། 2015ལོའི་ཟླ12པར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་ཀྲུང་དབྱང་གིས་གྲོས་ཞིབ་བྱས་ཤིང་། 2016ལོའི་ལོ་མགོར། རྒྱལ་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་མཚོ་སྔོན་ཞིང་ཆེན་ནས་དངོས་སུ་མགོ་བརྩམས་ཏེ། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡོད་པའི་ས་གཞི་ཆེན་པོ་འདི་དངོས་སུ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཀྱི་གནད་སར་བཀོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་མགྱོགས་མྱུར་ངང་སྐུལ་སྤེལ་བྱེད་པ་དང་བསྟུན་ནས། 2017ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའང་དངོས་སུ་མགོ་བརྩམས་པ་དང་། 《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་འགྲེམ་བྱས་པས། མཚོ་སྔོན་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་ཟུང་གི་ཚོད་ལྟ་ལག་བསྟར་བྱེད་པའི་ཞིང་ཆེན་ཐོག་མར་གྱུར།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤོབས་པ་ཆེན་པོས་གསར་སྐྲུན་དང་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། སྒྲིག་སྲོལ་རྙིང་བ་གཏོར་བ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཤིང་། ཁྲིམས་སྲོལ་ལམ་ལུགས་རབ་དང་རིམ་པ་འགྲེམ་སྤེལ་བྱས་ཏེ། དམངས་ཡོངས་དང་ཚན་རྩལ། ཁྲིམས་བསྟར། བློ་གྲོས། སྒོ་འབྱེད་སོགས་ཀྱིས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ཉིན་བཞིན་ཇེ་དྲག་ཏུ་གྱུར། ཨ་ཆེན་གངས་རྒྱབ་བདེ་བླག་ངང་འཛམ་གླིང་ཤུལ་བཞག་གི་མིང་བྱང་ཁྲོད་ཚུད་དེ། རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་ང་གཅིག་པར་གྱུར།

མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལྟར་ན། གཙང་གསུམ་འབྱུང་ཡུལ་དུ་ཡང་བསྐྱར་མཚོ་མོ་སྟོང་གི་མཛེས་ཉམས་མངོན་པ་དང་། རི་དྭགས་གཙོད་ཀྱི་གྲངས་ཀ་ཇེ་མང་དུ་སོང་བ། མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་ལོ་བསྟུད་མར་འཕར་སྣོན་བྱུང་བས། མཚོ་སྔོན་གྱིས་རྒྱལ་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྨང་གཞི་ལྡན་ཞིང་ཆ་རྐྱེན་འཛོམས་པ་རེད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་སྐབས་སུ། མཚོ་སྔོན་མི་དམངས་ཀྱིས་རྒྱལ་ཡོངས་ལ་ཉམས་མྱོང་བསྐྲུན་པ་དང་དཔེ་སྟོན་ཞིང་ཆེན་འཛུགས་པའི་འཕེལ་རྒྱས་ཀྱི་ལས་འགན་ཕྲག་ཏུ་ལེན་དགོས་པ་དེ་གསལ་བོར་ཤེས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ཏེ། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》དང《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་བསྐུར་ཡོང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་པར་སྐྲུན་འགྲེམ་སྤེལ་བྱས།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གསར་བསྐྲུན་བྱེད་པ་དེས་གོམ་གང་མདུན་སྤོས་སྒོས་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་བསྟན་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དེ་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། 《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་འཆར་འགོད》། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འཆར་འགོད་བཟོ་སྒྲིག་སོགས་ཀྱི་བྱ་བ་སྤེལ་མགོ་བརྩམས།

ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཅོ་ལྔ་དང་རིམ་པ་སོ་སོ་དང་རིགས་སྣ་ཚོགས་ཀྱི་སྲུང་སྐྱོབ་ས་ཁུལ་ཉིས་བརྒྱ་ཉེར་གསུམ་ལ་རྟོག་ཞིབ་དང་སྡོམ་རྩིས། ཕྱོགས་སྡོམ་བྱེད་པ་སོགས་ཀྱི་བྱ་བ་ཡོངས་འགྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གནས་ཚུལ་གསལ་བོར་རྟོགས། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྟོག་ཞིབ་གདེང་འཇོག་བྱེད་ཐབས་ཞིབ་འཇུག་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོས་ས་ཁུལ་གྱི་རིགས་བཀར་ཚད་གཞི》སོགས་ཚད་གཞི་དགུའི་ཞིབ་འཇུག་གཏན་འབེབས་བྱ་བ་སྤེལ་བ་དང་། མིག་སྔར་ཐོག་མའི་གྲུབ་འབྲས་ཆགས་ཡོད།

རྒྱལ་ཡོངས་ནས་ཐོག་མར《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པ་དང་འཚོལ་ཞིབ་བྱེད་པའི་སྐོར་གྱི་བསམ་འཆར་འགའ》གཏན་འབེབས་བྱས་པ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་གྱི་ས་ཁུལ་གཙོ་བོའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་མེད་པར་བཟོས་པ་དང་། སྐྱེ་ཁམས་ཀྱི་ཁ་གསབ་སྲིད་ཇུས་བཅུ་གཅིག་གཏན་ལ་ཕབ་ཅིང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བརྟན་བརླིང་ངང་སྤེལ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་སྤྱོད་འཆར་གཞིའི་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་སྟོང་བདུན་དང་བཞི་བརྒྱ་ཉེར་གཅིག་གསར་དུ་འཕར་སྣོན་བྱས་པ་དང་། གླིང་ཁུལ་དུ་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་ཁྱོན་བསྡོམས་ཁྲི་གཅིག་ལྷག་བཙུགས་ཏེ།  ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།

དུས་མཚུངས་སུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཇེ་མགྱོགས་སུ་གཏོང་བའི་བླང་བྱ་གཞིར་བཟུང་ཏེ། གླིང་ཁུལ་གྱི་འབྲོག་པ་ཁྱིམ་ཚང་གི་གྲངས་ཀ་དངོས་ལྟར། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་སྟོང་བདུན་དང་ཆིག་བརྒྱ་གསར་དུ་འཕར་སྣོན་བྱས། དེར་བརྟེན། གླིང་ཁུལ་དུ་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་པའི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་བསླེབས་པ་དང་། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་དེ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད།

མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། ཧུར་ཐག་གིས་མང་ཚོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྨང་གཞི་ཡིན་པའི་སྡོད་ཁུལ་མཉམ་སྐྲུན་དང་མཉམ་དུ་དོ་དམ། མཉམ་སྤྱོད་བཅས་ཀྱི་ཁྲོད་ཞུགས་པའི་རྐྱེན་སྲོལ་བཙུགས་ཤིང་། ཚོད་ལྟའི་ཁྱབ་ཁོངས་ཀྱི་ཚོད་ལྟའི་སྡེ་བ་དགུ་ནས《སྡེ་བའི་ཨུ་ཡོན་ལྷན་ཁང་རྨང་གཞི་ཡིན་པའི་མཉམ་སྐྲུན་མཉམ་སྤྱོད་དང་མཉམ་དུ་དོ་དམ་བཅས་ཀྱི་གྲོས་མཐུན་ཡི་གེ》བཀོད་དེ། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་།

ད་ལྟ་མཚོ་སྔོན་གྱི་འབྲོག་པ་མང་ཚོགས་ཁྲི་བཞི་དང་སྟོང་གསུམ་ཕྱུགས་རྫི་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད་པ་དང་། རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་ཁྲོད་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་ཀྱིན་ཡོད།

སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ།  ཤུགས་ཆེན་པོས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་པ་དང་། དེ་ནས་ནུས་ཤུགས་ཡོད་རྒུས་སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་བསྒྱུར་ཏེ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཤིང་། སྒྲིག་སྲོལ་ཟུང་གི་ཚོད་ལྟར་སྐུལ་འདེད་བྱེད་པ་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བར་མཚོ་སྔོན་གྱིས་འཛུགས་སྐྲུན་དང་ཕན་འབྲས་ཀྱི་ཁྲོད་ནས་རབ་མཛེས་མཚོ་སྔོན་དེ་གཙང་གསུམ་འབྱུང་ཡུལ་ནས་འཛམ་གླིང་ལ་བསྐྱོད་དུ་བཅུག་པ་རེད། 

ལོ་ཙཱ། སྒྲོལ་མ་སྐྱིད།