རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་གྱི་མིང་བྱང་བཟུང་ནས་འཛམ་གླིང་དུ་བསྐྱོད།
2020.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

 མཚོ་སྔོན་གྱི་མཛེས་སྡུག་ནི་རི་བརྗིད་པོ་དང་ཆུ་དྭངས་མོར་གནས་ཏེ། ཁོངས་ཡོངས་སུ་ཁུ་ནུ་རི་རྒྱུད་ཀྱིས་འཕྲེད་དུ་བཅད་ཡོད་པ་དང་། གཙང་གསུམ་ཆུ་བོ་དྲག་ཏུ་འབབ་པ། མཚོ་སྔོན་པོ་ཡངས་ཤིང་རྒྱ་ཆེ་བ། མདོ་ལ་རི་བོའི་ནགས་ཚལ་སྟུག་ཅིང་རྫོབ། དེ་ནི་རིའི་རྒྱལ་པོ་དང་ཆུའི་མགོ་ཁུངས་ཀྱི་སྣོལ་མཚམས་དུ་གནས་ཡོད།

མཚོ་སྔོན་གྱི་མཛེས་སྡུག་ནི་སྐྱེ་ཁམས་ཆེ་བའི་སྟེང་ཡོད་དེ། སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་བཅོ་བརྒྱད་ལྷག་ཟིན་པ་དང་། ལོ་རེར་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་600ལྷག་འདྲེན་བཞིན་ཡོད་ཅིང་། སྐྱེ་ཁམས་ཞབས་ཞུའི་སྤྱིའི་རིན་ཐང་ནི་སྒོར་དུང་ཕྱུར་སྟོང་བདུན་དང་སུམ་བརྒྱ་ཡིན་པ། ནམ་ཟླ་སྙོམ་སྒྲིག་དང་སྐྱེ་དངོས་སྲུང་སྐྱོབ་སོགས་ལ་བྱེད་ནུས་རང་བཞིན་གྱི་རིན་ཐང་གཞལ་དུ་མེད་པ་ཕུལ་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་རེད།

མཚོ་སྔོན་གྱི་མཛེས་སྡུག་ནི་“རྒྱལ་ཁབ་སྤྱི་གླིང་”གི་མིང་བྱང་སྟེང་ཡོད་དེ། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ་དང་། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཨ་ཆེན་གངས་རྒྱབ་ཡོད་ཅིང་། རྒྱལ་ཡོངས་ཀྱི་“སྒྲིག་སྲོལ་ཟུང་ ”གི་ཚོད་ལྟ་བྱ་ཡུལ་གྱི་ཞིང་ཆེན་ཐོག་མའང་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ཞིང་། ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པ་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཀྱིས་རྒྱུན་ཆད་མེད་པར་“ཆེས་ཆེ་བ་གསུམ་”ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ནུས་ཤུགས་ཆེན་པོས་“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། མུ་མཐུད་དུ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཟབ་སྤེལ་བཅས་བྱས་ཡོད་པས། “རྒྱལ་ཁབ་སྤྱི་གླིང་ཞིང་ཆེན”ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་སྡུག་ལྡན་པའི་མིང་བྱང་དང་ཆེས་འོད་མདངས་བཀྲ་བའི་རྟགས་མཚོན་དུ་གྱུར་ཡོད།

གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་དུས་རབས་ཀྱིས་མཚོ་སྔོན་མི་དམངས་ལ་གནང་བའི་འགན་འཁྲི་ཡིན། 《མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》དང《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད》སོགས་སྔ་གཞུག་ཏུ་ལག་བསྟར་བྱས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་མངོན་གསལ་དུ་ལེགས་བཅོས་བྱུང་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་བཞིན་འཐུས་ཚང་དུ་གྱུར་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར་ཡོད།

ད་ལྟའི་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་སའི་གཞི་ཁྱོན་ཇེ་ཆུང་དུ་སོང་ཞིང་། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་སའི་གཞི་ཁྱོན་ཆེས་ཆེར་ཇེ་དམར་སོང་བ་དང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བཞི་ལྷག་ནས་བརྒྱ་ཆའི་བདུན་ལྷག་ཏུ་འཕར་སྣོན་བྱུང་། བྱེ་མ་ཅན་གྱི་ས་ཆ་བཅོས་སྐྱོང་བྱས་ཚད་བརྒྱ་ཆའི་ཞེ་བདུན་དུ་ཇེ་མཐོར་སོང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁོངས་ཀྱི་ཟིན་ཚད་བརྒྱ་ཆའི་བཞི་ལྷག་ནས་བརྒྱ་ཆའི་ལྔ་ལྷག་ཏུ་འཕར་སྣོན་བྱུང་།

སྐྱེ་ཁམས་བཅོས་སྐྱོང་ནས་དམངས་ཚིས་ལེགས་བཅོས་བྱེད་པའི་བར།  ལྗང་མདོག་སྐྱེ་ཁམས་ཀྱིས་དཔལ་འབྱོར་ཕན་འབྲས་བསྐྲུན་ཏེ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་མཐོར་འདེགས་བྱུང་བ་དང་། ས་གནས་རོང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་བྱུང་།

ཀྲུང་ཧྭའི་ཆུ་མཛོད་དུ་གྲགས་པའི་མཚོ་སྔོན་ནི་རྒྱལ་ཁབ་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན་ལ། དེ་ནི་མཚོ་སྔོན་གྱི་འདོར་དུ་མེད་པའི་འགན་འཁྲི་ཆེན་པོ་ཡིན།

ད་ལྟའི་གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་པ་དང་། རི་དྭགས་གཙོད་དང་གསའ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་བྱུང་ཞིང་། ས་དེའི་འབྲོག་པ་མང་ཚོགས་རང་མོས་ཀྱིས་ཕྱུགས་འཚོ་མཚམས་བཞག་ནས་སྐྱེ་ཁམས་ལྟ་སྲུང་པའི་ལས་རྐང་དུ་ཞུགས་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དམ་འཛིན་ལྷོད་མེད་བྱས་ཏེ། རང་འགུལ་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནས་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་སྤེལ་བར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བ་ནས་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་ང་ནི་དང་བླངས་པ་ཡིན་ཞེས་པའི་བྱ་སྤྱོད་ལག་བསྟར་བྱེད་མགོ་བརྩམས། ད་ལྟ་མཐོ་སྒང་གི་བརླན་ས་དང་ནགས་ཚལ་སོགས་སྐྱེ་ཁམས་ལྗང་མདོག་བར་སྟོང་གི་ཟིན་ཚད་དེ་བརྒྱ་ཆའི་བདུན་ཅུ་ལས་བརྒལ་ཡོད།

2019ལོའི་བར་རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བདེ་བླག་ངང་མཇུག་རྫོགས་ཤིང་། ནགས་སྐྲུན་སྤྱི་ཆིང་འབུམ་བརྒྱད་ཁྲི་གཉིས་ལྷག་བྱས་པ་དང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་གྲངས་ཐིག་གཅིག་ཙམ་འཕར་སྣོན་བྱུང་ཏེ། བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་དྲུག་ཏུ་བསླེབས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་སྟེང་ནགས་སྐྲུན་གྱི་གཞི་ཁྱོན་ཆེས་ཆེ་ཞིང་ནགས་ཀྱི་ཐོན་ཁུངས་འཕར་སྣོན་ཆེན་པོ་བྱུང་བའི་ལོ་གསུམ་རེད།

2019ལོར། མཚོ་སྔོན་པོའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་ལྔ་བརྒྱ་ཞེ་དགུ་ལྷག་ཏུ་བསླེབས་ཏེ། 2018ལོའི་དུས་མཉམ་ལས་སྤྱི་ལེ་གྲུ་བཞི་མ་ཉི་ཤུ་ལྷག་འཕར་སྣོན་བྱུང་། མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་ཏུན་ཁྲི་དགུ་དང་སྟོང་གསུམ་དུ་བསླེབས་ཏེ། 2018ལོའི་ཏུན་ཁྲི་བརྒྱད་དང་སྟོང་བརྒྱད་ནས་ཏུན་སྟོང་ལྔ་འཕར་སྣོན་བྱུང་ཞིང་། བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་བརྒྱད་འཕར་བ་དེ། 2002ལོའི་ཏུན་སྟོང་གཉིས་དང་ལྔ་བརྒྱ་གོ་གཉིས་ལས་ལྡབ་སོ་ལྔ་ལྷག་འཕར་སྣོན་བྱུང་ཡོད།

ད་ལྟ་མཚོ་སྔོན་དུ་རང་བྱུང་སྲུང་སྐྱོབ་ས་ཁུལ་སྣ་ཚོགས་ཉིས་བརྒྱ་བཅུ་བདུན་ཡོད་པ་དང་། བརླན་སའི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། ད་ཡོད་ཀྱི་ནགས་ཚལ་སྤྱིའི་གཞི་ཁྱོན་གྱིས་རྒྱལ་ཁོངས་ས་ཁོངས་གཞི་ཁྱོན་གྱི་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གསུམ་ཟིན་ཡོད། བེད་སྤྱོད་ཆོག་པའི་རང་བྱུང་རྩྭ་ས་མུའུ་དུང་ཕྱུར་ལྔ་ལྷག་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་ཉེར་གཉིས་དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་རེ་གསུམ་ཡོད་ལ། རང་བྱུང་དང་སྐྱེ་ཁམས་ཀྱི་བཀོད་པས་རབ་མཛེས་མཚོ་སྔོན་གྱི་ཁྱད་མཚར་བསྐྲུན་ཡོད།

2019ལོར་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས། ཟླ་དྲུག་པར་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དངོས་སུ་མགོ་བརྩམས། ཟླ་བརྒྱད་པར་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྒྲུབ་པ་ལེགས་འགྲུབ་བྱུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཡོང་བ་དང་། དུས་མཉམ་དུ་གྲུབ་འབྲས་གལ་ཆེན་སྟེ《ཟི་ལིང་གི་ཐུན་མོང་ངོས་ཟིན》གྲུབ་ནས། མཚོ་སྔོན་རྒྱལ་ཡོངས་ནས་འཛམ་གླིང་ལ་བསྐྱོད་པའི་སྒེའུ་ཁུང་ཕྱེས།

2015ལོར་མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་བརྩམས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཇེ་བརྟན་ཏུ་བཏང་ཏེ། ནན་ནན་ཏིག་ཏིག་གིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་འཛུགས་སྐྲུན་ལ་སྐུལ་འདེད་བྱས།

ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་རྒྱལ་ཁབ་སྤྱི་གླིང་གིས་དོ་དམ་བྱེད་པའི་སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་། བསྐྱར་བཤུས་བྱེད་ཆོག་པ་དང་ཁྱབ་སྤེལ་བྱེད་ཆོག་པའི་ཉམས་མྱོང་རབ་དང་རིམ་པ་གྲུབ་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག》ལག་བསྟར་བྱས་ཏེ། ཁྲིམས་ལྟར་སྤྱི་གླིང་འཛུགས་པའི་གོམ་ཁ་ཡངས་པོར་ཕྱེས།

ད་ལྟ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལས་འགན་སོ་གཅིག་ཕལ་ཆེར་ཡོངས་འགྲུབ་བྱས་ཏེ། ལོ་གཅིག་གི་ནང་རྨང་གཞིའི་བྱ་བ་སྲ་བརྟན་ཏུ་གཏོང་བ་དང་། ལོ་གཉིས་ཀྱི་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་པ་དང་། སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་གཏོར་བ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཡིན་པའི་གནད་དོན་ཡོངས་སུ་ཐག་བཅད་ཡོད། དེ་དང་ཆབས་ཅིག  སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་དུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་མངོན་འགྱུར་བྱེད་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་པའི་རྨང་གཞིའི་སྟེང་། འབྲོག་པ་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་དང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གོང་དུ་སྤེལ་བ། རྩྭ་ས་འགན་གཙང་ལེན་བདག་གཉེར་དེ་རིམ་བཞིན་དམིགས་བསལ་ཆོག་འཐུས་བདག་གཉེར་ཕྱོགས་སུ་བསྒྱུར་བར་ཚོད་ལྟ་བྱས་པ།  འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྒྲུབ་པར་ཧུར་ཐག་གིས་ཁྲིད་སྟོན་དང་རོགས་སྐྱོར་བྱས་པར་མ་ཟད། འབྲོག་པ་མང་ཚོགས་ཀྱིས་མ་དངུལ་མ་རྐང་དུ་འཇོག་པ་དང་མཉམ་ལས་ངལ་དོན་སོགས་བྱེད་སྟངས་སྣ་ཚོགས་བརྒྱུད་ནས་ཐོན་ལས་གསུམ་པ་གོང་དུ་སྤེལ་བར་རྒྱབ་སྐྱོར་དང་སྐུལ་མ་བཏང་།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་སོ་གསུམ་ཁྲོད་ཀྱི་ལས་འགན་བཅུ་བཞི་ཡོངས་འགྲུབ་བྱས་པ་དང་། ལས་འགན་བཅུ་དགུ་ཧུར་ཐར་གིས་སྐུལ་སྤེལ་བྱེད་བཞིན་ཡོད། དུས་མཚུངས་སུ། ཡུལ་བབ་དང་བསྟུན་ནས་ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་བསྐྲུན་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྨང་གཞི་ཡིན་པའི་སྡོད་ཁུལ་མཉམ་སྐྲུན་མཉམ་སྤྱོད་དང་མཉམ་དུ་དོ་དམ་བྱེད་པའི་ཁྲོད་ཞུགས་པའི་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱེད་ཀྱིན་ཡོད་ལ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་རིག་གནས་ཀྱི་མཐོ་ས་བསྐྲུན་ཏེ། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་དང་རྒྱལ་ཁབ་སྤྱི་གླིང་གི་དང་བླངས་པའི་ཞབས་ཞུ་དཔུང་ཁག་ཐོག་མ་སྟེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ན་གཞོན་དང་བླངས་པའི་ཞབས་ཞུ་དཔུང་ཁག་བཙུགས།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནས་ཐེངས་མང་པོར་རི་དྭགས་གསའ་འགའ་མཉམ་དུ་ཡོད་པ་དང་། དེ་མིན་རི་དྭགས་འཕར་བ་དང་བྱེ་ཐང་བྱི་ལ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་པར་ལེན་བྱས།

མིག་སྔར། མགོ་རྩོམ་ས་གསར་བ་ཞིག་ཏུ་བསྒྲེངས་བའི་མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་དང་སྦས་ཤུགས་རིམ་བཞིན་ཕྱིར་མངོན་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་གྱི་མིང་བྱང་བཟུང་ནས་འཛམ་གླིང་དུ་བསྐྱོད་ཀྱིན་ཡོད།

ལོ་ཙཱ། སྒྲོལ་མ་སྐྱིད།