སྔོ་ལྗང་གི་རི་ཆུ་བསྲུངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་།
2020.03.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

མཚོ་སྔོན་ནི་གཙང་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཤིང་།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་ལ་རྐང་བཙུགས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཀ་མཐོ་བའི་འཚོ་བ་བསྐྲུན་རྒྱུ་གཏན་འཁེལ་གསལ་པོ་བྱེད་པའི་ཁྲོད་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བཞག་པ་དང་། སྐྱེ་ཁམས་དཔལ་ཡོན་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་རིན་ཐང་འཚོལ་སྙེག་དང་མཚོ་སྔོན་འཕེལ་རྒྱས་ཀྱི་རྟགས་མཚན་གསལ་པོར་འགྱུར་དུ་བཅུག

མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་ལྟ་སྟངས་ཅི་འདྲ་འཛིན་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལའང་ལྟ་སྟངས་དེ་འདྲ་འཛིན་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་ནི་མཚོ་སྔོན་གྱི་རྟག་བརྟན་འགྱུར་བ་མེད་པའི་བརྗོད་དོན་ཡིན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཁྱོན་ཡོངས་ལ་འབྲེལ་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་ཁེ་ཕན་དང་འཕེལ་རྒྱས་ལ་འབྲེལ་ཡོད་སྟབས། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོབ། གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་དོན་བཟང་གང་མང་སྒྲུབ་པ་དང་། མིས་བཟོས་སླར་གསོ་དང་རང་བྱུང་སླར་གསོའི་དོན་དངོས་གང་མང་སྒྲུབ་པ། རི་ཆུ་བཅོས་སྐྱོང་དང་ཁ་གསལ་ངོ་གསལ་གྱི་དོན་བཟང་གང་མང་བསྒྲུབས་ཏེ། “གཙང་གསུམ་འབྱུང་ཡུལ”ལེགས་པོར་སྲུང་བ་དང་། “ཀྲུང་ཧྭའི་ཆུ་མཛོད”ལེགས་པོར་སྲུང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོས་ཏེ། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ”ལ་ཁག་ཐེག་བྱེད་དགོས།

ཁོར་ཡུག་ནི་དམངས་ཚིས་ཡིན་ཞིང་། སྔོ་ལྗང་གི་རི་བོ་ནི་མཛེས་སྡུག་དང་གནམ་སྔོན་པོའང་བདེ་སྐྱིད་ཡིན། སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ་དང་སྐྱེ་ཁམས་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་མཛེས་པའི་སྐྱེ་ཁམས་ཁོར་ཡུག་ཧུར་ཐག་སྒོས་བསྐྲུན་ཏེ། སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བ་བཅས་ཀྱི་འཁོར་སྐྱོད་བཟང་པོའི་ཁྲོད་རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐངས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་མང་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཡོད་དུ་འཇུག་དགོས། །

མཚོ་སྔོན་ནི་གཙང་གསུམ་གྱི་འབྱུང་ཡུལ་ཡིན་ལ“ཀྲུང་ཧྭའི་ཆུ་མཛོད”དུ་གྲགས། ལོ་རེར་མུས་གྲུ་བཞི་ལྷམ་པ་དུང་ཕྱུར་དྲུག་བརྒྱ་ལྷག་ལ་ཉེ་བའི་དྭངས་གཙང་ཆུ་ཁུངས་ཀྱིས་སྨད་རྒྱུད་ཀྱི་ས་ཁུལ་ཆེན་མོ་བརླན་སྟེར་བཞིན་ཡོད། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ཞིང་། དེ་ཡི་མཚོ་སྔོན་གྱི་བཞུར་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་ལ་སླེབས་ཤིང་། ཆུ་ལག་གི་རིང་ཚད་ཀྱིས་རྨ་ཆུའི་སྤྱིའི་རིང་ཚད་ཀྱི་བརྒྱ་ཆའི་སོ་གཅིག་ཟིན་ཡོད་ལ། ལོ་ངོ་མང་པོའི་རིང་ཆ་སྙོམས་ཀྱིས་ས་ཁོངས་གཞན་ལ་བཞུར་བའི་ཆུའི་ཟིན་ཚད་ཀྱིས་རྨ་ཆུའི་སྤྱིའི་བཞུར་ཚད་ཀྱི་བརྒྱ་ཆའི་ཞེ་དགུ་དང་གྲངས་ཆུང་བཞི་ཟིན་ཡོད།

2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དེ་མཚོ་སྔོན་ནས་མགོ་བརྩམས་ཤིང་། ལས་གཞི་དེ་ནི་རང་ཞིང་ལ་མཚོན་ན་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི“འགུལ་སྐྱོད་ཆེན་མོ”ཞིག་ཡིན་པ་དང་། རླུང་འཚུབ་ཅིག་རྨ་ཆུའི་མགོ་ཁུངས་རྨ་སྟོད་དུ་ལྡང་ཡོང་བ་དང་མཚུངས་པར། རྗེས་ནས་སྐྱེ་ཁམས་དཔལ་ཡོན་གྱི“ཉམས་སད་ཆེན་པོ”ཞིག་འདི་ནས་སྤེལ།

རྨ་སྟོད་རྫོང་གི་མི་ཧ་ཅང་མང་པོ་ཞིག་གི་དྲན་ངོགས་སུ། ཁོ་ཚོའི་རྩྭ་ཐང་ཞན་འགྱུར་ཚབས་ཆེན་ཡིན་པ་དང་། རི་སྐྱེས་སྲོག་ཆགས་རིམ་གྱིས་མཐོང་ལམ་ནས་ཇེ་ཉུང་དུ་འགྱུར་བ། མཚོ་མོ་ཆེ་ཆུང་མང་པོ་རིམ་བཞིན་མེད་པར་འགྱུར་བཞིན་པ། རང་བྱུང་ཁམས་ཆེན་མོས་མིའི་རིགས་ལ་ཉེན་བརྡ་བཏང་བ་མཐོང་བྱུང་། དེའི་རྗེས་སུ། གནས་དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར་པ་ནས། སྔ་གཞུག་ཏུ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་དུས་རིམ་དང་པོ་དང་དུས་རིམ་གཉིས་པ་ལག་བསྟར་བྱས་པ་དང་། དེ་ནས་དེང་སྐབས་ཀྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བར། སྐྱེ་ཁམས་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བ་མི་རྣམས་ཀྱི་མཐོང་ལམ་དུ་གྱུར་པས། ད་ལྟ་གནས་དེར་འཚོ་བ་རོལ་བའི་མི་རྣམས་ཀྱིས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ཐོབ་དཀའ་བའི་གྲུབ་འབྲས་འདི་ལ་གཅེས་སྤྲས་བྱེད་བཞིན། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གནས་དེའི་རི་ཀླུང་དང་ཆུ་བོ། རྩྭ་ཐང་དང་རི་སྐྱེས་སྲོག་ཆགས་མང་པོར་བདག་སྐྱོང་བྱེད་ཀྱིན་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱིས་མགོ་ཁུངས་ཀྱི་ཆུ་བ་སྲུང་སྐྱོབ་བྱེད་རྒྱུར་ཐག་བཅད་པ་དང་། ཁྲིམས་ལུགས་ལག་བསྟར་ཐར་ཐོར་ཅན་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱེད་པ་ནས་མགོ་བརྩམས་ཏེ། རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ས་ཁོངས་དང་ཆུ་བེད། ཁོར་སྲུང་། ནགས་ལས་སོགས་སྡེ་ཁག་གི་ལས་འགན་དང་སྡེ་ཁག་གཅིག་བསྡུས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་སྒྲིག་འཛུགས་བྱས་ནས། “རི་ཆུ་ནགས་གསུམ་དང་རྩྭ་ཐང་མཚེའུ”བཅས་གཞི་གཅིག་ཅན་གྱི་དོ་དམ་སྒྲིག་སྲོལ་གྲུབ་སྟེ། “དོན་དག་གཅིག་སྡེ་ཁག་གཅིག་གིས་དོ་དམ་བྱེད་པ”ཡི་དམིགས་འབེན་མངོན་འགྱུར་བྱས་ཏེ། རྩ་བ་ནས་སྲིད་ཇུས་ཀྱི་འབྱུང་ཁུངས་མང་བ་དང་། ལས་འགན་བསྣོལ་སྡེབ། ལས་འགན་རིགས་དབྱེ་དང་ཁྲིམས་ལུགས་ལག་བསྟར་ཐར་ཐོར་ཅན་སོགས་དུས་ཡུན་རིང་པོར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་པའི་ཤུལ་བཞག་གནད་དོན་དང་དོན་དངོས་གནད་དོན་ཐག་བཅད་དེ། གླིང་ཁུལ་ཁྱབ་ཁོངས་ནང་རང་བྱུང་ཐོན་ཁུངས་མ་རྩ་དོ་དམ་དང་། རྒྱལ་ཁོངས་བར་སྟོང་བཀོལ་སྤྱོད་དོ་དམ་ལམ་ལུགས་ཀྱི“གཅིག་གྱུར་གཉིས་མཉམ་དུ་སྤྱོད་པ”དང་རང་བྱུང་ཐོན་ཁུངས་མ་རྩ་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སྒྲིག་སྲོལ་གྱི་རྨང་གཞི་བཏིང་ཡོད།

རྨ་ཆུའི་གླིང་ཁུལ་ནས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཅུ་གཉིས་དང་གྲངས་ཆུང་གསུམ་གཅིག་ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ། སྒྲིག་སྲོལ་དག་སེལ་བྱས་ནསམགོ་ཁུངས་ཀྱི་རང་བྱུང་སྐྱེ་ཁམས་དང་ཆུ་བོ་དོ་དམ་བྱེད་ལུགས་ལ་ཐོད་བརྒལ་བྱས་ཏེ། སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་གསར་གཏོད་སོགས་བྱེ་བྲག་གི་བྱ་བ་རེ་རེའི་ཁྲོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རང་ཞིང་གི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་པའི“གཙོ་ཤུགས”སུ་གྱུར་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་རྩྭ་ཐང་བཀོལ་སྤྱོད་མཁན་ནས་རྩྭ་ཐང་སྲུང་སྐྱོབ་པར་འགྱུར་བའི་ཁྲོད་སྐྱེ་ཁམས་ལོངས་སྤྱོད་བྱེད་བཞིན་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་ནས་འབྲོག་པ་མང་ཚོགས་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་སྐྱེ་ཁམས་ཀྱི་ཟ་མ་ཟ་ཐུབ་པར་གྱུར་ཏེ། ཁྱོན་ཡོངས་ནས“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”མངོན་འགྱུར་བྱུང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གཙོ་བོ་ཡིན་པའི་ངོས་ནས། རྨ་ཆུའི་གླིང་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ་དང་། སྐྱེ་ཁམས་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་དང་། གནད་ཁེལ་དབུལ་ཐར་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་སྒྲིག་སྲོལ་གསར་གཏོད་བྱས་ཤིང་། སྐྱེ་ཁམས་བདག་སྐྱོང་པ་སྟོང་གསུམ་དང་ཞེ་གཉིས་ཀྱིས་ལག་རྟགས་བཟུང་སྟེ་ལས་གནས་སུ་ཞུགས་ཤིང་། ཁྱིམ་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡིས་ཇེ་མང་དུ་སོང་།

དུས་མཚུངས་སུ་རྒྱལ་ཁབ་སྤྱི་གླིང་གི་གསར་གཏོད་ཀྱི་ལས་གཞི་ཞིག་ཡིན་པའི་ངོས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱིས་ད་དུང“ཕྱོགས་དྲུག་གཞི་གཅིག”གི་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་བསྐྲུན་ཏེ། སྐྱེ་ཁམས་བདག་སྐྱོང་པ་ལ“གཞི་རིམ་ཏང་གི་འཛུགས་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོབ། གནད་ཁེལ་དབུལ་སྐྱོར། བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན། འོས་འགན་སློབ་གསོ”སོགས་ཀྱི་ལས་འགན་སྤྲད་དེ། “གནས་ནས་ཐིག་དང་། དྲ་བ་ནས་ངོས”ཀྱི་དོ་དམ་མ་ལག་གྲུབ་སྟེ། ཐོག་དང་པོར་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་མཉམ་འགུལ་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུ་གསར་གཏོད་བྱས།

ད་ལྟ། གནས་དེ་ནས་སྐྱེས་ཤིང་གནས་དེར་འཚར་ལོངས་བྱུང་བའི་མི་རྣམས་ལ་མཚོན་ན། མིག་སྔར་ཆེས་ཆེ་བའི་འགྱུར་ལྡོག་ནི་མཚོ་མོ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་མངོན་པ་དང་། སྐྱེ་དངོས་སྐྱེ་སྟངས་བཟང་ཞིང་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་ཀ་སྔར་ལས་ཇེ་མང་དུ་གྱུར་པ་དེ་རེད། རྨ་ཆུའི་མགོ་ཁུངས་ནས་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བལྟས་ན། མཚོ་སྔོན་གྱི་མི་རེ་རེ་ནི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཁོངས་མི་རེ་རེར་འགྱུར་ན་འདོད་ཅིང་། འགུལ་སྐྱོད་ཆུང་ཆུང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་ཏེ། སྐྱེ་ཁམས་ལྟ་སྲུང་མཁན་བཟང་པོ་ཞིག་བྱས་ནས། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།