མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བའི་སྡེ་མི་ཨ་བསམ་གྱིས་ནུབ་ཁའི་ཉི་ཟེར་ཀློང་དུ་ཕྱུགས་རིགས་ལྷས་རར་འདེད་བཞིན་ཡོད།
ཨ་བསམ་ཡོད་སའི་རྣམ་སྲས་ཞང་ནི་རྫ་ཆུའི་མགོ་ཁུངས་སུ་ཡོད་ཅིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རོལ་མྱོང་བྱེད་པར་ཆེད་དུ་ཆོག་མཆན་ཐོབ་པའི་བརྒྱུད་གཉེར་ཚོད་ལྟའི་གནས་རེད། 2017ལོའི་ཚུན་ལ། ས་གནས་སྲིད་གཞུང་དང་པེ་ཅིན་གྱི་སྐྱེ་ཁམས་ཆེད་མཁས་པས་གནས་མདོ་སྡེ་བ་རུ་གཅིག་སྡུད་ཟབ་སྦྱོང་སྐོར་ཐེངས་མང་པོ་བསྒྲུབས་ཏེ། རི་སྐྱེས་སྲོག་ཆགས་སྐོར་གྱི་ཤེས་བྱ་དང་། ཕྱི་རོལ་ཡུལ་གྱི་དོ་སྣང་བྱ་དགོས་པའི་དོན་ཚན་སོགས་སློབ་ཁྲིད་བྱས་ཤིང་། མཇུག་མཐར་སྔོན་གྱི་ཇུས་གཞི་ལྟར་རྒྱལ་ཁབ་ཕྱི་ནང་གི་གཞི་རྒྱ་ཆུང་བའི་སྐྱེ་ཁམས་འཚམས་འདྲིའི་མགྲོན་པོ་དག་འབྲོག་པ་མང་ཚོགས་ལ་སྣེ་ལེན་བྱེད་དུ་འཇུག་རྒྱུ་ཐག་བཅད།
བཟའ་བཏུང་དང་སྡོད་གནས། ཁྲིད་སྟོན་ཞབས་ཞུ་བཅས་མཁོ་འདོན་བྱས་པ་བརྒྱུད། གནས་མདོ་སྡེ་བའི་སྡེ་དམངས་ཀྱི2018ལོའི་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་བརྒྱད་ལ་བསླེབས། དེའི་ཁར་སྲིད་གཞུང་གིས་བྱིན་པའི་སྐྱེ་ཁམས་ལྟ་སྲུང་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་ཆིག་བརྒྱ་དང་ཕྱུགས་སྐྱོང་ཐོབ་ཆ་བཅས་ཁ་སྣོན་བྱས་ཡོད་པས། འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་སོང་ཡོད།
འདས་པའི་ལོ་ངོ་གཉིས་ཀྱི་རིང་ལ། གནས་མདོ་སྡེ་བའི་སྡེ་དམངས་རྣམས་རང་འགུལ་ངང་སྐྱེ་ཁམས་ཆེད་མཁས་པའི་རྗེས་འབྲངས་ཏེ་ཤེས་བྱ་མི་ཉུང་བ་ཞིག་ཁོང་དུ་ཆུད། རི་ལ་སྐོར་ཞིབ་བྱེད་སྐབས། སྐྱེ་ཁམས་ལྟ་སྲུང་པར་བསྐོས་པའི་འབྲོག་པ་མང་ཚོགས་ཀྱིས་རིམ་བཞིན་ཉེ་འཁོར་སྲོག་ཆགས་ཀྱི་རྐང་རྗེས་སོགས་ལ་ལྟ་ཞིབ་བྱེད་ཤེས་པར་གྱུར་ཏེ། རི་སྐྱེས་སྲོག་ཆགས་མངོན་སའི་གནས་དང་འགུལ་སྐྱོད་ཀྱི་ལམ་ཐིག་ཟིན་བྲིས་སུ་བཀོད།
འབྲོག་པ་མང་ཚོགས་ལ་ལས་ད་དུང་མི་མེད་དམར་ཕྱིའི་པར་ཆས་གཡར་འོང་སྟེ། ཐེངས་འགར་སློབ་སྦྱོང་བྱས་པ་དང་ཡང་དང་བསྐྱར་དུ་ཚོད་ལྟ་བྱས་པ་བརྒྱུད། མཇུག་མཐར་བཀོལ་སྤྱོད་བྱེད་ཐབས་ཁོང་དུ་ཆུད་དེ། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་ཡིད་རྟོན་རུང་བའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པར་གྱུར།
ཨ་བསམ་གྱིས་བཀོད་སྒྲིག་བྱས་པའི་མི་མེད་དམར་ཕྱིའི་པར་ཆས་ཀྱིས་ཉེ་བའི་ལོ་འདི་དག་གི་རིང་ལ་སྔ་གཞུག་ཏུ་གསའ་དང་གཟིག དྲེད་མོང་། ཤྭ་བ་མཆུ་དཀར། གནའ་བ། རི་སྤྱང་སོགས་རི་སྐྱེས་སྲོག་ཆགས་རིགས10ལྷག་པར་དུ་བླངས་ཡོད་ལ། ཟླ་རེའི་ཟླ་མཇུག་ཏུ། ཁོས་པར་ཆས་ཀྱི་ནང་ཉར་བྱང་བུ་ཆེད་མཁས་པར་སྤྲད་དེ་པར་འདྲ་བཤུ་དང་དབྱེ་ཞིབ་བྱེད་དུ་བཅུག་པ་དང་། དུས་མཚུངས་སུ་ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་བྱེད་པར་ཕན་པའི་གསར་རྙེད་དང་ལྟ་ཚུལ་གང་མང་མཁོ་འདོན་བྱས།
གསར་འགོད་པས་ཉེ་བའི་ལོ་འདི་དག་ལ་བཅར་འདྲི་བྱས་ཏེ་ཤེས་རྟོགས་བྱུང་བ་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་ས་ཁོངས་སུ། ཨ་བསམ་དང་འདྲ་བའི་མི་ཇེ་མང་ནས་ཇེ་མང་དུ་གྱུར། སྲིད་གཞུང་གིས་ལག་བསྟར་བྱས་པའི་གསར་གཏོད་རང་བཞིན་གྱི་བྱེད་ཐབས་བརྒྱུད། དམངས་ཚིས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གཉིས་གནས་དེ་རུ་འགལ་མེད་གཞི་གཅིག་ཅན་དུ་གྱུར་ཡོད།
“‘གཉིས་ཕན’གྱི་རྣམ་པ་བྱུང་བ་དེ་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་པར་འབྲེལ་བ་དམ་པོ་ཡོད”ཅེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་འཆར་འགོད་ནོར་སྲིད་ཁང་གི་ཀྲུའུ་རིན་མོའུ་ཡུང་ཧུང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
2015ལོའི་ཟླ12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་སྟེང《ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། དེའི་རྗེས་སུ། མཚོ་སྔོན་གྱིས་སྤོབས་པ་ཆེན་པོས་བཅོས་བསྒྱུར་རབ་དང་རིམ་པ་བྱས་པ་བརྒྱུད། ནུས་ཤུགས་གང་ཡོད་ཀྱིས་ས་དེའི་སྐྱེ་ཁམས་ཇེ་ཞན་དུ་འགྲོ་བཞིན་པའི་གནས་བབ་ད་དུང་རྩ་བ་ནས་བསྒྱུར་ཐུབ་མེད་པ་དང་། སྲུང་སྐྱོབ་དོ་དམ་ལམ་ལུགས་ལེགས་པོ་མེད་པ་སོགས་ཀྱི་གནད་དོན་ཐག་བཅད།
2016ལོར། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྫོང4ཡི་རྒྱལ་ཁབ་ས་ཁོངས་དང་། ནགས་ལས། ཁོར་སྲུང་། ཆུ་བེད་སོགས་ཀྱི་ལས་ཁུངས་ཁུ་བསྡུ་བྱས་ཏེ། སྲིད་གཞུང་སྡེ་ཁག་ཁྱོན་ཡོངས་ནས25%ལ་གཅིག་བསྡུས་བྱས་པ་དང་། སྔོན་ཆད་གནས་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཆེ་མ་ཆུང་གསུམ་གྱི་དུམ་ཚན་དབྱེ་མཚམས་གཏོར་ཞིང་། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡི་སྤྱི་གླིང་གླིང་ཁུལ་དུ་དྲང་ཐད་གཅིག་གྱུར་གྱི་དོ་དམ་ལག་བསྟར་བྱས།
དེ་དང་ཆབས་ཅིག གླིང་ཁུལ་ཡོངས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཡན་ལག་གླིང་ཁུལ3དུ་བགོས་ཤིང་། སོ་སོར་སྲུང་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་པ་དང་། ཡན་ལག་གླིང་ཁུལ་སོ་སོའི་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་ལྟར། དམིགས་གཏད་རང་བཞིན་གྱི་སྲུང་སྐྱོབ་ལག་བསྟར་བྱས་པ་དང་། ཡན་ལག་གླིང་ཁུལ་སོ་སོ་སྔར་ལས་ལྷག་པའི་སྒོ་ནས་ཆེ་ཆུང་མི་འདྲ་བའི་དྲ་རྒྱ་ཞིབ་ཚགས་ཅན་དུ་བཏང་བ་དང་། “གནས་སྟངས་རེ་ལ་ཐབས་ཇུས་རེ”ཡི་གནད་ཁེལ་སྐྱེ་ཁམས་བཅོས་སྐྱོང་ལག་བསྟར་བྱས།
སྐྱེ་ཁམས་ཚན་རིག་ཞིབ་འཇུག་གི་ཕྱོགས་ནས། ཀྲུང་གོའི་ཚན་རིག་གླིང་དང་། ཀྲུང་གོའི་བར་སྟོང་ལག་རྩལ་ཞིབ་འཇུག་སོགས་ལས་ཁུངས་དང་མཉམ་ལས་གྲོས་མཐུན་བཞག་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ལེགས་འགྲུབ་བྱུང་བ་དེས་ཕུལ་བྱུང་ཆེད་མཁས་པ་འབོར་ཆེན་ཞིག་བཀུག་པ་དང་། གནམ་ས་གཞི་གཅིག་ཅན་གྱི་ཚན་རྩལ་མཐོ་བའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་།
ཉེ་བའི་ལོ་འགའི་རིང་ལ། གསར་འགོད་པས་རྨ་ཆུའི་མགོ་ཁུངས་ནས་པུས་མོའི་ཡན་ལ་བུད་པའི་སྔོ་རྩྭ་མཐོང་ཞིང་། རྫ་ཆུའི་མགོ་ཁུངས་ནས་ནང་དུ་འཛུལ་དཀའ་བའི་ནགས་ཚལ་མཐོང་། འབྲི་ཆུའི་མགོ་ཁུངས་ནས་མུ་མཐའ་མི་མངོན་པའི་བརླན་ས་མཐོང་བྱུང་།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞང་གནས་ཆེན་སྡེ་བའི་སྡེ་མི་འཕགས་ཚེ་ཡིས་བཤད་རྒྱུར། སྔོན་ཆད་རྒྱུན་དུ་དགུན་ཁར་ཐན་པ་ཆེ་ཞིང་། རླུང་འཚུབ་དྲག་པོ་ལྡང་། ད་ལྟ་ཁངས་ཆར་ཅུང་ཇེ་མང་དུ་གྱུར་ཡོད་ལ། གནམ་གཤིས་ཀྱང་ཇེ་བཟང་དུ་གྱུར། གནའ་བའི་ཁྱུ་ཚོགས་ཀྱིས་རྒྱུན་དུ་རྩྭ་ཐང་སྟེང་སྒོ་ཕྱུགས་ནོར་གནག་དང་མཉམ་དུ་གཟན་རྩྭ་ལ་རོལ་བཞིན་ཡོད།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སླར་གསོ་འབྱུང་བར་བདེན་དཔང་དང་དེ་ལ་ཟབ་ཞུགས་བྱེད་པའི་འཕེལ་འགྱུར་ཁྲོད། འབྲོག་པ་མང་ཚོགས་མི་ཉུང་བ་ཞིག་གིས་རྗེས་འབབ་སྔོན་གཏོང་མི་བྱེད་པ་དང་། འཕྲལ་ཕན་འཕྲལ་གཉེར་བྱེད་མི་ཉན་པའི་གནས་ལུགས་རྟོགས། མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རིང་ཞང་དཀར་རྩེ་སྡེ་བའི་སྡེ་མི་སྒྲོལ་མ་ཚེ་རིང་གིས་བཤད་རྒྱུར། སྔོན་ཆད་གཞི་ཁྱོན་ཆེན་པོའི་སྒོ་ནས་ཕྱུགས་ཟོག་འཚོ་སྐྱོང་བྱས་པས་རྩྭ་ཐང་ལ་གནོད་འཚེ་ཆེན་པོ་ཐེབས་སོང་། རྗེས་ཕྱོགས་འབྲོག་པ་མང་ཚོགས་ཀྱིས་གཟབ་ནན་ངང་ཐེག་ཚད་ལྟར་ཕྱུགས་ཟོག་འཚོ་སྐྱོང་བྱས་ཏེ། བུ་རབས་ཚ་རྒྱུད་ལ་སྐྱེ་ཁམས་ཞན་འགྱུར་གྱི་སྡུག་མྱང་དུ་འཇུག་མི་རུང་ཟེར།
རྫ་སྟོད་རྫོང་དུ་ཚོང་ལས་གཉེར་བཞིན་པའི་ཨོ་རྒྱན་གྱིས་གསར་འགོད་པར་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སླར་གསོ་བྱུང་བ་དང་བསྟུན་ནས། ཀུན་གྱི་ཤེས་ཚད་ཇེ་མཐོར་སོང་བ་དང་། དབྱར་ཁར་ཡོང་ནས་པར་ལེན་པ་དང་སྤྲོ་གསེང་ལ་རོལ་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། ས་དེའི་མི་མང་པོ་ཞིག་གིས་མགྲོན་ཁང་དང་ཚོང་ཁང་གཉེར་བ། ཡུལ་སྐོར་དང་པར་ལེན་ཀུང་སི་སོགས་གཉེར་ཏེ། ཡོང་སྒོ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།
ད་ལྟ་རྩྭ་ས་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། ནོར་ལུག་ལ་ཤ་ཤེད་ཀྱང་རྒྱས་བཞིན་ཡོད། ནན་ནན་ཏིག་ཏིག་དང་། འབད་འབུངས་ལྷོད་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱས་ན། སྐྱིད་ཉི་མ་འདྲ་བོ་གཞུག་ན་ཡོད་ངེས་ཅེས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་ཆུ་ཆེན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཕྱུགས་རྫི་ཐུབ་བཀྲས་དེ་ལྟར་བཤད་བྱུང་།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་སྲུང་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་འཇིགས་བྱེད་ཀྱིས་བཤད་རྒྱུར། ལོ་ངོ4ཡི་ཚོད་ལྟའི་བཅོས་བསྒྱུར་དང་འཚོལ་ཞིབ་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སླར་གསོའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་ཆབས་ཅིག འབྲོག་པ་མང་ཚོགས་ཀྱི་ཁྱིམ་གཞིས་འདུ་ཤེས་ཇེ་དྲག་དང་། མང་ཚོགས་ཀྱི་རི་ཆུའི་བརྩེ་བ་གཅིག་གྱུར་བྱུང་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།