ལོ་བཅུའི་རིང་ཡུས་ཧྲུའུ་ཡི་དྭངས་གཙང་རི་ཆུ་ལ་བཅངས་པའི་བརྩེ་བ།
2020.04.14 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 31

 2010ལོ་ནས2020ལོའི་བར་ཡུས་ཧྲུའུ་ཡིས་ལོ་བཅུའི་ནང་རིམ་རྩིས་བརྒྱབ་ན་ནགས་ཚལ་མུའུ་འབུམ་བརྒྱད་དང་ཁྲི་གསུམ་སྟོང་བརྒྱད་ཆིག་བརྒྱ་བསྐྲུན་པའི་ནང་མིས་བཟོས་ནགས་སྐྲུན་མུའུ་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་བཞི་བརྒྱ་དང་། རི་རྒྱ་ནགས་གསོ་མུའུ་འབུམ་གཉིས་ཁྲི་ལྔ་སྟོང་གཉིས་ཉིས་བརྒྱ། ནགས་ཚལ་གཉེར་སྐྱོང་མུའུ་འབུམ་བཞི་ཁྲི་དྲུག་སྟོང་དགུ་ལྔ་བརྒྱ་བཅས་ཡོད།

མུའུ་སྟོང་གི་ནགས་ཤིང་ལེགས་ཤོས་གསོ་སྤེལ་ཚོད་ལྟའི་རྟེན་གཞི་ནས། རྒྱལ་ལམ214ཡི་ལེ་བར་བརྒྱ་ཡི་ལྗང་མདོག་ཁྱམས་རིང་བསྐྲུན་པའི་བར། ས་མཐོར་སྔོ་ལྗང་གི་རྣམ་པ་ཞིག་གཏོད་ཆེད་ཡུས་ཧྲུའུ་ཡིས་ནམ་ཡང་ཧུར་བརྩོན་བྱེད་ཀྱིན་ཡོད།

“སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་བ” ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྤྱི་གླིང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་དཔེ་སྟོན་ཁུལ་དང་། གཙང་གསུམ་ཆུ་འགོའི་མཉམ་སྐྲུན་མཉམ་སྤྱོད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ། མཚོ་བོད་ས་མཐོའི་རང་བྱུང་ཁམས་སྲུང་སྐྱོབ་འགྲེམས་སྟོན་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ”བཅས་ཀྱི་མངགས་བཅོལ་གཞིར་བཟུང་ཏེ། “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཤིང་། ནུས་ཤུགས་ཡོད་རྒུས་གཙང་གསུམ་ འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱས་ནས“ དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར”འགན་ལེན་བྱས།

“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར”བསྒྱུར་པ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་ཁྲི་དྲུག་སྟོང་བདུན་ཟིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་དང་། རྫ་ཆུའི་མགོ་ཁུངས་གླིང་ཁུལ་ཚུད་ཡོད་པ་དེས་གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི85%བཟུང་བ་དང་། རྫ་སྟོད་དང་། འབྲི་སྟོད་། ཆུ་དམར་ལེབ་བཅས་རྫོང་གསུམ་གྱི་ཞང་གྲོང9དང་སྲིད་འཛིན་སྡེ་བ34དང་འབྲེལ་ཡོད་པས་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ལྡན་ཡོད།

“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ངོས་ནས། དེ་གར་རྒྱལ་ཡོངས་མ་ཟད་ཨེ་ཤ་ཡའི་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲོག་རྩ་ཆགས་ཡོད་ལ། ས་ཁོངས་ནང་འཛམ་གླིང་གི་གདོད་མའི་གཞི་ཁྱོན་ཆེ་བའི་མཐོ་སྒང་སྐྱེ་ཁམས་མ་ལག་སྐྱེ་འཕེལ་དང་རྒྱུན་འཛིན་བྱེད་པར་ཆུ་ཁུངས་གསོ་འཁྱོངས་ཀྱི་ནུས་པ་ཧ་ཅང་ཆེན་པོ་ལྡན། དེ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དམིགས་བསལ་ཁུལ་གྱི་གྲས་ཤིག་ཡིན་པ་མ་ཟད།“མཐོ་སྒང་སྐྱེ་དངོས་ཀྱི་རང་བྱུང་སོན་རྒྱུའི་ཐོན་ཁུངས་མཛོད”ཅེས་བརྗོད་ཀྱི་ཡོད།

ལོ་བཅུའི་རིང་། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཀུན་གྱི་སྔོན་ལ་རྩོམ་དགོས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཡུས་ཧྲུའུ་ཡི་ཡོམ་འགོག་གནོད་སེལ་དང་གནོད་ཤུལ་བསྐྱར་སྐྲུན་གྱི་སྙིང་སྟོབས་དེ“སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”བྱ་སྤྱོད་དངོས་ལ་བསྒྱུར་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དེ་ཆབ་སྲིད་ཀྱི་བརྟན་སྲུང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས་འཁུར་སེམས། དམངས་ཚིས་འགན་ལེན་ཆེ་ཤོས་བཅས་སུ་བརྩིས་ཡོད། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་བསྒྱུར་བ་དེ་ནི་ཡུས་ཧྲུའུ་ཡི་ནམ་ཡང་གནས་པའི་བརྗོད་བྱ་གཙོ་བོ་རེད།

ལྗང་མདོག་གིས“རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”བརྩེ་སེམས་མངོན།

ད་ལྟ་ཡུས་ཧྲུའུ་ཁུལ་དུ་མུ་མཐའ་མེད་པའི་སྤང་ལྗོངས་ཀྱི་རྣམ་པ་མཐོང་རྒྱུ་ཡོད་པ་དང་།   ཁུལ་ཡོངས་སུ་འགོག་སྲུང་ནགས་ཚལ6དང་། སྡེ་ཁུལ་སྤྱི་གླིང4། གྲོང་ཁྱེར་རིམ་པའི་སྤྱི་གླིང3བཅས་ཡོད།  ཡུས་ཧྲུའུ་གྲོང་ཁུལ་གྱི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང430ཟིན་པ་དེ།  ས་འགུལ་མ་བྱུང་བའི་སྔོན་ལས་ལྡབ་གཅིག་གིས་ཆེ་རུ་ཕྱིན་ཡོད་པ་རེད།

ཞེ་ཝུའུ་གྲོང་རྡལ་ནས་སྐྱེ་རྒུ་མདོ་གྲོང་རྡལ་བར་གྱི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་ལ་ཕན་འབྲས་རགས་ཙམ་ཐོན་ནས་སྔོ་ལྗང་གི་རྣམ་པ་ཞིག་མངོན་ཡོད།

ཡུས་ཧྲུའུ་ཁུལ་གྱིས་ལོ་བཅུའི་རིང་། སྐྱེ་ཁམས་ཀྱི་རིན་ཐང་དང་། སྐྱེ་ཁམས་ཀྱི་འགན་འཁྲི། སྐྱེ་ཁམས་ཀྱི་སྦས་ཤུགས་བཅས་འཚོལ་ཞིབ་གཏིང་ཟབ་བྱས་ནས། སྐྱེ་ཁམས་བཟང་པོ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་ཆར་བསྒྱུར་བ་དང་། རྒྱུན་ཆད་མེད་པར་སྐྱེ་ཁམས་ཀྱི་རིན་ཐང་བརྟན་སྲུང་དང་སྐྱེ་ཁམས་ཀྱི་རིན་ཐང་ཇེ་མཐོར་གཏོང་བ། སྐྱེ་ཁམས་ཀྱི་རིན་ཐང་བསྐྱར་དུ་གཏོད་པ་དང་། སྐྱེ་ཁམས་ཀྱི་འགན་འཁྲི་འཁུར་བ། སྐྱེ་ཁམས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཁྲོད་ཧུར་ཐག་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་བྱས་རྗེས་གསར་པ་མངོན་པའི་དུས་རབས་ཀྱི་རྒྱུགས་གཞི་ཞིག་ཕུལ་ཡོད།

2010ལོ་ནས་བཟུང་། ཡུས་ཧྲུའུ་ཁུལ་གྱིས་རིམ་རྩིས་བྱས་ན་ནགས་ཚལ་མུའུ་འབུམ་བརྒྱད་ཁྲི་གསུམ་སྟོང་བརྒྱད་ཆིག་བརྒྱ་བསྐྲུན་པ་དང་། མུའུ་ས་ཡ་དགུ་འབུམ་དགུ་ཁྲི་གཉིས་སྟོང་དྲུག་ལྷག་ཟིན་པའི་རང་བྱུང་ནགས་ཚལ་དང་། མུའུ་ས་ཡ་དྲུག་འབུམ་བཞི་ཁྲི་གཅིག་སྟོང་གཉིས་ལྷག་ཟིན་པའི་རྒྱལ་ཁབ་སྤྱི་ཕན་ནགས་ཚལ། མུའུ་དུང་ཕྱུར་གསུམ་བྱེ་བ་བཞི་ཟིན་པའི་སྤང་ཤུན། མུའུ་བྱེ་བ་གཅིག་ས་ཡ་གཅིག་ལྷག་ཟིན་པའི་འདམ་ར་སོགས་གཙོ་གནད་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོབ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

2013ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཡུས་ཧྲུའུ་རུ་གཏེར་ཁ་འཚོལ་དབང་འཛུགས་མཚམས་བཞག་ནས། ས་ཁོངས་ནང་གི་གཏེར་ཁ་འཚོལ་དབང་ཚང་མ་ཕྱིར་འཐེན་བྱས་པ་དང་། འཆར་འགོད་ནང་གི་ཆུ་གློག་གསར་སྤེལ་ལས་གཞི་ཚང་མ་ཕྱོགས་ཡོངས་ནས་མཚམས་བཞག་ཅིང་། ལོ་རྒྱུས་ཐོག་ལུས་པའི་སྔོག་འདོན་ཁུལ་གྱི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་གཏིང་ཟབ་བཏང་བ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྐུལ་འདེད་བཏང་བ་དང་བསྟུན་ནས། མི་ཁྲི་གཅིག་སྟོང་བརྒྱད་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་བསྐྱོད་དེ། མཁའ་དབུགས་དྭངས་གཙང་གི་ཚད90%ཡན་རྒྱུན་འཁྱོངས་བྱས་པ་དང་། འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད100%ཟིན་ཡོད་པ་རེད།

ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཆེ་རུ་ཕྱིན་པ་དང་། འདམ་རའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ། གཙང་ཆུའི་རྒྱུག་ཚད་ཆེ་རུ་ཕྱིན་པ། སྔོ་ཁེབས་ཁྱབ་ཚད་ཆེ་རུ་ཕྱིན་པ། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་ཐུབ་པ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་བཅས་ཀྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཤིང་། ལོ་བཅུའི་རིང་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད“ཆུ་དང་། རྩྭ་ཐང་། བྱ་རིགས། ཡོང་འབབ་འཕར་བ། འཆམ་མཐུན་འཕར་བ”བཅས་ཀྱི“འཕར་སྣོན་ལྔའི”སྣང་ཚུལ་མངོན་ནས་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་མི་རྣམས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

ལོ་དེ་དག་རིང་གི་སྐྱེ་ཁམས་གྲུབ་འབྲས་སྐོར་གླེང་སྐབས་ཡུས་ཧྲུའུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བ་དབང་རྒྱལ་སྟོབས་རྒྱལ་གྱིས་དགའ་སྤྲོ་ཆེན་པོས་བཤད་རྒྱུར།   ལོ་བཅུའི་རིང་སྐྱེ་ཁམས་འཛུགས་སྐྱོང་དང་སྲུང་སྐྱོབ་བྱས་པ་བརྒྱུད་ཡུས་ཧྲུའུ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། མི་རྣམས་ཀྱི་འཚོ་སྡོད་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པ་དང་། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད་ཟེར།

2010ལོ་དང་བསྡུར་ན་ཁུལ་ཡོངས་ཀྱི་ནགས་ཚལ་གསོག་ཚད0.2%འཕར་བ་དང་ནགས་ཚལ་ཁྱབ་ཚད2010ལོའི3.2%ནས་ད་ལྟའི3.97%བར་འཕར་ཡོད།

རྩྭ་ཐང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་ནས་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་བརྟན་པོའི་ངང་འཕར་ཏེ། 2010ལོར60.55%ནས2019ལོར61.47%བར་འཕར་ཡོད་པ་རེད།

2010ལོ་ནས་བཟུང་ཁུལ་ཡོངས་ཀྱི་ས་ཁོངས་ནང་གི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་བརྟན་པོའི་ངང་འཕར་ཡོད། ཁྲུང་ཁྲུང་སྐེ་ནག་ནི་ལུང་པའོ་སྲུང་སྐྱོབ་ས་ཚིགས་ཐོག་མའི་དུས་ཀྱི22ནས་ད་ལྟའི216བར་ཇེ་མང་དུ་ཕྱིན་པ་དང་། ཁྲུང་ཁྲུང་མགོ་ཁྲ་སྔོན་ཆད་ཀྱི800ནས་ད་ལྟའི་ཁྲི་གཅིག་ལྷག་བར་ཇེ་མང་དུ་ཕྱིན་པ། ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་དེ་དུས་རབས་སྔོན་མའི་ལོ་རབས90བའི་ཁྲི3གསུམ་ཙམ་ནས་ད་ལྟའི་ཁྲི7ལྷག་བར་འཕར་སྣོན་བྱུང་བ། རི་དྭགས་གསའ་དེ2010ལོ་ནས་བཟུང་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་བྱས་ནས་ད་ལྟའི་སྟོང་གཅིག་ཙམ་བར་ཇེ་མང་དུ་ཕྱིན་ཡོད།

ཉེ་བའི་ལོ་ཤས་རིང་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།  གཙང་གསུམ་འབྱུང་ཡུལ་དུ་ཡོ་རོབ་དང་ཨེ་ཤ་ཡའི་སྲམ་གྱི་འགུལ་སྐྱོད་གཟུགས་བརྙན་ཐེངས་མང་བཀོད་པ་མ་ཟད།   ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་བཏོན་པའི་བླང་བྱ་ཧ་ཅང་མཐོན་པོ་ཡོད་པ་དེས། སྐྱེ་ཁམས་མ་ལག་ཧྲིལ་པོའི་བདེ་འཇགས་དང་ སྲུང་སྐྱོབ་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད་ལ། ཡུས་ཧྲུའུ་ཡི་གཙང་པོ་དང་ཆུ་བོ་ཆུང་ངུ་ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་གྱི་འགུལ་སྐྱོད་བྱ་ཡུལ་དང་འཚོ་སྡོད་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་གསལ་བོར་མཐོང་ཐུབ།

འབྲོག་པ་མང་ཚོགས་ཁྲི་གསུམ་སྟོང་གཅིག་ལྔ་བརྒྱ་ཡིས་སྐྱེ་ཁམས་ལ་བརྟེན་ནས་ལས་ཞུགས་བྱས།

“གསའ་ཡི་ཕ་ཡུལ”དུ་གནས་པའི་རྫ་སྟོད་རྫོང་གི་རྣམ་སྲས་ཞང་གནས་མདོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ལུའོ་ཅུན་ལ་ལས་ཀ་གཅིག་ཇེ་མང་དུ་སོང་བ་དེ་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས“ ལྟ་སྲུང་པ”ཞིག་ཏུ་གྱུར་བ་དེ་ཡིན་ཞིང་།  ཟླ་རེར་ཁོ་ལ་ཁ་གསབ་གླ་ཕོགས་སྒོར1800ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཁོས་ནམ་ཡང་རང་ཉིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་ཀྱིན་ཡོད།

2019ལོའི་ཟླ2པར་ཁངས་ཆེན་པོ་བབས་ནས་གཙང་གསུམ་འབྱུང་ཡུལ་ཧྲིལ་པོ་གངས་ཀྱིས་གཡོགས་ཤིང་། རྫ་སྟོད་རྫོང་གི་སྐྱེ་ཁམས་ལྟ་སྲུང་པ་ཀརྨ་བློ་བཟང་གིས་ཁངས་ནང་འགྱེལ་ནས་དབུགས་ཆད་ལད་ཡོད་པའི་ཤྭ་བ་མཆུ་དཀར་ཞིག་བསྐྱབས་ནས་ལྟོ་ཆས་བྱིན་པ་དང་བདག་སྐྱོང་ལེགས་པོ་བྱས་མཐར་ཤྭ་བ་མཆུ་དཀར་སྲོག་ཉེན་ལས་ཐར། ཀརྨ་བློ་བཟང་གིས་བཤད་རྒྱུར། རྩྭ་ཐང་ནས་རྒྱལ་ཁབ་སྤྱི་གླིང་བར། ང་ནི་རྩྭ་ཐང་གི་མི་ཞིག་ནས རྒྱལ་ཁབ་ཀྱི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་པ་དེ་ནི་མི་རྣམས་སྤོབས་པ་སྐྱེ་འོས་པའི་བྱ་བ་ཞིག་རེད། ཁོས་སྔོན་ཆད་ཉིན10རེར་སྐོར་སྲུང་ཐེངས་རེ་བྱེད་ཀྱི་ཡོད། ད་ལྟ་ཉིན་གསུམ་ རེར་སྐོར་སྲུང་ཐེངས་རེ་བྱེད་དགོས་པ་མ་ཟད། ཟླ་རེར་གླ་ཕོགས་སྒོར1800ཡོད། རང་ཁྱིམ་གྱི་ཡོང་འབབ་ཇེ་མང་དུ་ཕྱིན་པས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།  ཀརྨ་བློ་བཟང་དང་འདྲ་བར་ད་ལྟ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གསུམ་སྟོང་གཅིག་ལྔ་བརྒྱ་ཡིས་སྐྱེ་ཁམས་ཀྱི་གླ་ཕོགས་ལེན་གྱིན་ཡོད།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། གངས་རི་འཁྱགས་རོམ་ཡང་དེ་བཞིན་ནོ།

རྫ་ཆུའི་ཆུ་འགོ་ཁུལ་གྱི་རྫ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བ་ནི་ཕྱུགས་ལས་གཙོ་བོར་བྱེད་པའི་དཔེ་མཚོན་སྡེ་བ་ཞིག་རེད། དེ་གའི་འབྲོག་པ་མང་ཚོགས་ལ་སྔར་ནས་བཟུང་རང་བྱུང་ཁམས་གཉན་པོ་རུ་བཀུར་ཞིང་། རང་བྱུང་ཁམས་ལ་དད་གུས་བྱེད་པ། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་སྲོལ་རྒྱུན་བཟང་བོ་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་འགོ་ཚུགས་པ་ནས་བཟུང་། ཉན་ཏུའུ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དང་བརྩོན་སེམས་སྔར་ལས་ཆེ་རུ་ཕྱིན་པ་དང་། ཁོར་ཡུག་བཅོས་སྐྱོང་དང་། སྲོག་ཆགས་སྲུང་སྐྱོབ། གྲོང་མིས་ཁོར་ཡུག་སྐོར་གཡེང་ཚོ་ཆུང་རང་འགུལ་ངང་སྒྲིག་འཛུགས་དང་རང་མོས་ངང་ཞུགས་པའི་དམངས་ཁྲོད་བྱེད་སྒོར་གྱུར་ཡོད།

རང་བྱུང་ཉམས་ལེན་གྱི་གྲོས་འགོ་བཏོན་པ་དང་བསྟུན་ནས་དུས་ཡུན་ཟླ་བ་ཁ་ཤས་ནང་གནས་མདོ་སྡེ་བས་ཉམས་ལེན་དང་ལྟ་ཞིབ་ཚོགས་པ་བཅུ་ཕྲག་ཁ་ཤས་བསུས་པ་དང་། སྡེ་བ་ཧྲིལ་པོར་ཡོང་འབབ་སྒོར་འབུམ་གསུམ་ཁྲི་གཅིག་ཐོབ། སྡེ་བས་མ་དངུལ་དེ་དག་གིས་སྡེ་བ་ཡོངས་ཀྱི་རྒན་གསོའི་འགན་བཅོལ་ཚང་མ་སྤྲད་པ་རེད། མང་ཚོགས་ཀྱིས་གངས་རི་ནི་གསེར་རི་དངུལ་རི་ཡིན་པའི་བདེ་སྐྱིད་ལ་བསམ་བཞིན་ཡོད།

“ལྗང་མདོག་དྲིན་ཚོར། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་བ”། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ཡུས་ཧྲུའུ་ཡི་འགྱུར་བ་མེད་པའི་འགན་འཁྲི་དང་ལས་འགན་ཡིན་ཞིང་།  ལོ་བཅུའི་རིང་ཡུས་ཧྲུའུ་ཡི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་རྟོགས་དང་མཉམ་སྐྱོད་བྱས་ཏེ་སྐྱེ་ཁམས་ཉམས་ཞན་གྱི་དཀའ་ཁག་ཁྲོད་ནས་ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེན་པའི་ལམ་བུའི་ཐོག་གོམ་པ་བརྟན་པོས་བསྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།