ལོ་ངོ70ཡི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ཆུ་བེད་བཅོས་སྐྱོང་བྱས་ཏེ་དམངས་ཚིས་ལ་ཕན་ཁེ་བསྐྲུན།
2020.04.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

 ལོ་ངོ70ཡི་རིང་ལ་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར་བདུན་བརྒྱ་དང་ལྔ་བཅུ་ང་བརྒྱད་བཏང་།

1996ལོར་ཧེ་ཆོན་ཆུ་མཛོད་ལས་མགོ་བརྩམས་པ་དེས“འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི”བཟོ་སྐྲུན་ལག་བསྟར་བྱེད་མགོ་ཚུགས།

ལོ་ངོ70ཡི་རིང་ལ་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཐད་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བདུན་བརྒྱ་དང་ལྔ་བཅུ་ང་བརྒྱད་བཏང་སྟེ། ཆུ་མཛོད་ཆེ་འབྲིང་ཆུང་གསུམ་དང“འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ”གཉིས་མཚོན་བྱེད་ཡིན་པའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་སྟོབས་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ་ནུས་ཡོད་སྒོས་ཆུ་འདོན་བདེ་འཇགས་འགན་སྲུང་བྱས།

མིག་སྔའི་བར་དུ།  “འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ”ཡི་བཟོ་སྐྲུན་གྱི་ཡན་ལག་ལས་གཞི་སྟེ། ཧེ་ཆོན་ཆུ་མཛོད་དང་རྡོ་ལུང་འགག་ཆུ་མཛོད།  ཆུ་འདྲེན་ཆུ་ཡུར། བྱང་རྒྱུད་ཆུ་ཡུར་སྐབས་དང་པོ་སོགས་ཀྱི་བཟོ་སྐྲུན་གཙོ་བོ་ལས་ནས་གྲུབ་པ་དང་།  ནུབ་རྒྱུད་ཆུ་ཡུར་དང་བྱང་རྒྱུད་ཆུ་ཡུར་གྱི་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་བརྟན་བརླིང་སྒོས་སྐུལ་འདེད་བཏང་།  རྨ་ཆུའི་བཞུར་རྒྱུན་གཙོ་བོའི་ཆུ་ལོག་སྔོན་འགོག་གི་བཟོ་འགོད་ལས་ནས་བེད་སྤྱོད་བྱས་ཏེ། ཞུས་ཅི་འགག་དང་ན་ལེན་ཀོ་ལེ་ཆུ་བོའི་ཆུ་བེད་གཙོ་བོའི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱས།  ཆུ་ཁོལ་དང་ཕན་ཏའོ། བཙན་མོ་སོགས་ཀྱི་ཆུ་མཛོད་ཆེ་འབྲིང་ཆུང་བ207ཚང་མ་ལས་ནས་བེད་སྤྱོད་བྱས་པ་དང་།  དེ་དག་གི་ནང་དུ་བསྡོམས་པས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་སུམ་བརྒྱ་དང་ཞེ་གཅིག་ཤོངས།

རྨ་ཆུ་ཟི་ལིང་དུ་འདྲེན་པ་དང་ཐང་གསུམ་དུ་ཆུ་འདྲེན་པ།  འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པ་སོགས་ཀྱི་ཆུ་བེད་བཟོ་འགོད་གལ་ཆེན་གྱི་གྲ་སྒྲིག་བྱ་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱས་ཏེ།  ཅུང་ཆ་ཚང་བའི་ཆུ་བེད་བཟོ་འགོད་མ་ལག་ཕལ་ཆེར་བཙུགས་པས། ཆུའི་ཐོན་ཁུངས་ལེགས་པོར་བཀོད་སྒྲིག་བྱེད་པའི་རྣམ་པ་རགས་ཙམ་ཆགས་པ་དང་། ཆུ་བེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་ནུས་པ་བསྟུད་མར་ཇེ་མཐོར་བཏང་།

ལོ་ངོ70ཡི་རིང་ལ་མི་གྲངས་ས་ཡ་གཅིག་འབུམ་གསུམ་ཁྲི་གཅིག་སྟོང་ལྔ་ཡི་འཐུང་ཆུའི་བདེ་འཇགས་ཇེ་མཐོར་བཏང་།

ཆུ་བེད་ཐིན་གྱིས་དུས་ཡུན་རིང་བོར་ཆུ་བེད་བཟོ་སྐྲུན་དམངས་ཀྱི་ཆེད་ཡིན་པའི་ཐོག་མའི་བསམ་འདུན་དམ་པོར་བཅངས་ནས།  རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་དང་ཞིང་ཆུ་འདྲེན་པ་སོགས་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཤིང་།   མི་དམངས་མང་ཚོགས་ཀྱི་ཆུ་བེད་ཀྱི་ཐོབ་སྣང་དང་སྐྱིད་སྣང་བཅས་བསྟུད་མར་ཇེ་མཐོར་བཏང་།

ལོ་ངོ70ཡི་རིང་ལ།  མཚོ་སྔོན་ཞིང་ཆེན་གྱིས་རིམ་བསགས་ཀྱིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མི་གྲངས་(མི་ཐེངས)ས་ཡ་བཞི་དང་འབུམ་གཅིག་ཁྲི་གསུམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ནས། མི་གྲངས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཅིག་སྟོང་ལྔ་ཡི་འཐུང་ཆུའི་བདེ་འཇགས་ཇེ་བརྟན་དང་ཆུ་ཚད་ཇེ་མཐོར་བཏང་སྟེ།  རྒྱ་ཆེའི་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ཁག་ཡོངས་སུ་སེལ།

ལོ་ངོ70ཡི་རིང་ལ།  ཕན་མཐོ་གྲོན་ཆུང་གི་ཆུ་འདྲེན་རྒྱ་ཁྱོན་མུའུ་འབུམ་བརྒྱད་དང་ཁྲི་བརྒྱད་ལ་སླེབས།

མཚོ་སྔོན་ཞིང་ཆེན་གྱིས་ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་ལ་དོ་དམ་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། ལས་བགོས་གསལ་པོ་དང་རང་འགན་རང་འཁུར།  མཉམ་བཟུང་མཉམ་བདག་གི་དཔྱད་ཞིབ་བྱ་བའི་ནང་རྐྱེན་བཙུགས་ཏེ། 2013ལོ་ནས2018ལོའི་བར་ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་དོ་དམ་གྱི“དམར་ཐིག་གསུམ”གྱི་དམིགས་ཚད་ཡོངས་འགྲུབ་བྱེད་པའི་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་གྲུབ།

《མཚོ་སྔོན་ཞིང་ཆེན་གྱི་ཆུ་ལེན་ཆོག་འཐུས་དང་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་སྡུད་ལེན་དོ་དམ་བྱེད་ཐབས》བཏོན་པས།  ཆུའི་ཐོན་ཁུངས་ལ་འགྲོ་གྲོན་སྡུད་ལེན་བྱས་པའི་སྒོར་གྲངས1996ལོའི་སྒོར་འབུམ་བརྒྱད་དང་ཁྲི་བཞི་སྟོང་བརྒྱད་ནས2018ལོའི་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དགུ་ལ་འཕར།

ཆུ་གྲོན་ཆུང་བྱེད་པའི་ཕྱོགས་ནས། གྲོན་ཆུང་ཅན་གྱི་སྤྱི་ཚོགས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ།  ཞིང་ལས་དང་བཟོ་ལས།  གྲོང་རྡལ་གྱི་འཚོ་བ་སོགས་ཁྱབ་ཁོངས་ཀྱི་ཆུ་གྲོན་ཆུང་བྱེད་པའི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་། སྦུག་འདྲེན་དང་གཏོར་འདྲེན་སོགས་ཕན་མཐོ་གྲོན་ཆུང་གི་ཆུ་འདྲེན་རྒྱ་ཁྱོན་མུའུ་འབུམ་བརྒྱད་དང་ཁྲི་བརྒྱད་ལ་རྒྱ་བསྐྱེད།  བཟོ་ལས་ཐད་ཆུ་བཀོལ་བ་གྲོན་ཆུང་བྱེད་པའི་བསྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། རྒྱལ་ཡོངས་ཀྱི་ཆུ་གྲོན་ཆུང་ཅན་ཀྱི་ཁེ་ལས་ཧུར་ཐག་གིས་གསར་སྐྲུན་བྱས།  གྲོང་རྡལ་གྱི་ཆུ་འདོན་སྦུག་ལམ་དྲ་བའི་བསྒྱུར་བཀོད་ལ་ཤུགས་བསྣན་ནས། ཆུ་གྲོན་ཆུང་ཅན་གྱི་ལས་ཁུངས་དང་སློབ་གྲྭ། སྡོད་ཁུལ་བཅས་ཀྱི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བས། ཟི་ལིང་དང་ན་གོར་མོ།  གཏེར་ལེན་ཁ་བཅས་གྲོང་ཁྱེར་གསུམ་པོར་རྒྱལ་ཡོངས་ཀྱི་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་ཡོད།

ལོ་ངོ70ཡི་རིང་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བཞི་བདུན་བརྒྱའི་ས་ཆུ་ཤོར་བ་བཅོས་སྐྱོང་བྱས།

རི་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་བཞུར་རྒྱུན་ཆུང་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཟེགས་འདམ་འགོག་རགས་སོགས་ས་ཆུ་སྲུང་འཛིན་གྱི་ལས་གཞི་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཤིང་།  རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉེར་བདུན་དང་བྱེ་བ་གསུམ་ས་ཡ་བཞི་བཏང་སྟེ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བཞི་བདུན་བརྒྱ་ཡི་ ་ས་ཆུ་ཤོར་བ་བཅོས་སྐྱོང་བྱས།

ཞིང་ཆེན་ཡོངས་ནས་རིམ་པ་སོ་སོའི་ཆུ་དཔོན་དང་མཚོ་དཔོན་སྟོང་ལྔ་དང་དགུ་བརྒྱ་ཉེར་ལྔ་ངེས་གཏན་བྱས་པ་དང་། ཆུ་བོ་དང་མཚེའུ་ཡི་ལྟ་སྲུང་པ་ཁྲི་གཅིག་སྟོང་དྲུག་ཉིས་བརྒྱ་རེ་གསུམ་དངོས་འབེབས་བྱས།  ཆུ་བོ་དང་མཚེའུ་ཡི“རྙོག་ཟིང་བཞི་སེལ་བ”སོགས་ཀྱི་ཆེད་དམིགས་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས“མིང་ཙམ”ནས“དོན་ལྡན”གྱི་ཕྱོགས་སུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་།

ད་ལྟ། ལོ་ངོ་བདུན་ཅུ་འདས་སོང་བ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་དུས་མགོ་ནས་བཅོས་སྒྱུར་སྒོ་འབྱེད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་བར། མཚོ་སྔོན་གྱི་ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཆུ་ཚད་དང་བསྡོམས་གྲངས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། ནང་གནས་དང་རིམ་གྲས་ཀྱང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ཏེ། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དང་ཀྲུང་གོའི་ཕུགས་འདུན་འཕེལ་རིམ་ཁྲོད་ཀྱི་ཆུ་བེད་ཀྱི་ནུས་པ་གལ་ཆེན་དང་དོན་སྙིང་ཟབ་མོ་ཉིན་བཞིན་མངོན་པ་དང་། ཆུ་བེད་འཕེལ་རྒྱས་ཀྱི་དམིགས་འབེན་དང་མི་དམངས་མང་ཚོགས་ལ་ཐོབ་པའི་ཕན་འབྲས་ཀྱང་ཇེ་མང་ནས་ཇེ་མང་དུ་གྱུར།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཐབས་ཇུས་ཁྲོད་འགོད་དགོས་པ་བསྟན་ཡོད། ཀྲུང་ཧྭའི་ཆུ་མཛོད་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་དུ་གནས་པའི་མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་མ་བྱས་ནས། སྤུས་ཚད་མཐོ་བའི་འཚོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་སྐྲུན་བྱེད་པར་ཆུ་བེད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས།

ད་ལྟའི་མཚོ་སྔོན་དུ་ཆུ་བེད་བཟོ་སྐྲུན་གལ་ཆེན་དང་ལས་གཞི་འབྲིང་ཆུང་རིགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་བཅོས་སྐྱོང་། ཆུ་བེད་ཀྱི་དབུལ་སྐྱོར་མཁྲེགས་གཏོར། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་སྤེལ་ཏེ། ཆུའི་ཚན་རྩལ་དང་ཆུའི་རིག་གནས་ཀྱི་ཤོག་སླེ་གསར་བ་ཕྱེས་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།