སྐྱེ་ཁམས་དཔལ་ཡོན་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན།
2020.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་རེའི་ཚོགས་ཆེན་གཉིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྐྱེ་ཁམས་ཁོར་ཡུག་ནི་ཁོང་གིས་ཆེས་ཐུགས་ཁུར་མཛད་པའི་དོན་དག་ཅིག་ཡིན་ལ། ལོ་རེའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྔོ་ལྗང་གི་རི་ཆུ་ཞེས་པ་དེ་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། ཁོང་གིས་ཧྥུའུ་ཅན་འཐུས་མི་ཚོགས་པར་གནད་ལ་ཁེལ་བའི་སྒོ་ནས་ཨ་སྔོན་དང་གཙང་ཆབ། ས་གཙང་གསུམ་སྲུང་སྐྱོབ་བྱེད་དགོས་པའི་ལས་དོན་ལོགས་སུ་བཀར་ནས་སྒྲུབ་དགོས་པའི་བླང་བྱ་བཏོན་པ་དང་། ནང་སོག་འཐུས་མི་ཚོགས་པར་མེས་རྒྱལ་གྱི་བྱང་མཐར་གནས་པའི་མཛེས་ལྗོངས་ཁུལ་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས་ཞེས་ནན་གྱིས་གསུངས་ལ། ཞིན་ཅང་འཐུས་མི་ཚོགས་པར་ཧུར་ཐག་འབད་འབུངས་ཀྱིས་གནམ་སྔོ་ས་གཙང་ཆུ་དྭངས་ཀྱི་མཛེས་སྡུག་ཞིན་ཅང་འཛུགས་སྐྲུན་བྱ་དགོས་ཞེས་བཏོན་པ་དང་། མཚོ་སྔོན་འཐུས་མི་ཚོགས་པར། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱས་ནས། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་དགོས་པ་དང་། ཧེ་ལུང་ཅང་འཐུས་མི་ཚོགས་པར་ནོར་འཛིན་སྒེག་མོ་གངས་ཀྱིས་བཀླུབས་ཀྱང་གསེར་རི་དངུལ་རི་ཡིན་ཞེས་པ་སོགས་སྐྱེ་ཁམས་དཔལ་ཡོན་སྐོར་ནས་མཛུབ་སྟོན་གལ་ཆེན་མང་པོ་གནང་ཡོད།

ལོ་རེའི་ཚོགས་ཆེན་གཉིས་ཀྱི་སྟེང་ནས་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་གླེང་གཞི་ནི། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་མེས་རྒྱལ་གྱི་ས་གཞིའི་སྟེང་ནས་མངོན་པར་བྱེད་པའི་མཚོན་བྱེད་ཡིན་ལ། སྐྱེ་ཁམས་དཔལ་ཡོན་དེ་དེང་རབས་ཅན་འཛུགས་སྐྲུན་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་ཅིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཁ་ཕྱོགས་གཅིག་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་ཡོད་ཅེས་བསྒྲགས་པ་དང་། ཕྱོགས་གཅིག་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་གཅིག་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྔར་བཞིན་ཡག་པོ་མེད་ན། མི་དམངས་ཀྱིས་ཁས་ལེན་མི་སྲིད་པར་མ་ཟད། ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་མི་སྲིད། དེ་བས་ཁོར་ཡུག་ནི་དམངས་ཚིས་ཡིན་ལ། སྔོ་ལྗང་གི་རི་ཆུ་ནི་མཛེས་སྡུག་དང་།  མཁའ་དབྱིངས་ནི་བདེ་སྐྱིད་ཡིན་པ་རེད།

མིག་སྔར། པྲོག་གསར་གློ་ཚད་དེ་འཛམ་གླིང་གི་ཡུལ་གྲུ་སོ་སོར་འགོས་ཁྱབ་འགྲོ་བཞིན་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་ལ་དཀའ་ཁག་ཆེན་པོ་བཟོས།  དུས་ཚིགས་དང་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་གྲངས་མི་བཟང་ཞིང་། ལས་ཐོན་བསྐྱར་ཚུགས་དམ་འཛིན་བྱས་ནས། དུས་ཚོད་བརྩོན་ལེན་དང་། གྱོང་གུན་སླར་གསོ་བྱ་དགོས་པས། གནོན་ཤུགས་ཆེ་ལ་འགན་ཁུར་ལྕི།

དཀའ་ཁག་ཅི་འདྲ་ཆེ་ཡང་། སྐྱེ་ཁམས་ལ་གཏོར་བརླག་བྱས་ནས་གནས་སྐབས་ཙམ་གྱི་དཔལ་འབྱོར་འཕེལ་རྒྱས་གཙོ་བོར་བཟུང་ན་མི་འོས་ཤིང་། ཚོགས་ཆེན་གཉིས་མ་འཚོག་གོང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་མང་པོར་གཟིགས་ཞིབ་མཛད་སྐབས། ཡང་དང་བསྐྱར་དུ་སྐྱེ་ཁམས་འཛུགས་སྐྲུན་སྐོར་ནན་གྱིས་བསྟན་པ་དང་། གནད་འགག་གི་དུས་ལ་སླེབས་དུས་ངེས་པར་དུ་ཨམ་གཙིགས་བསྡམས་ནས་དཀའ་བ་ཁྱད་གསོད་བྱ་དགོས་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྙེག་དགོས།

ལྗང་མདོག་ཞིང་ལས་ལ་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ལ། ལྗང་མདོག་སྐྱེ་ཁམས་ཀྱིས་ཕྱོགས་བཞིའི་མགྲོན་པོ་བཀུག ལྗང་མདོག་ཐོན་སྐྱེད་ཀྱིས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྔོ་ལྗང་གི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ཀུན་གྱི་སེམས་ལ་བཞག་ཡོད།  དེ་ལས་སྐྱེ་ཁམས་སྲུང་སྐྱོབ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བ་ཡིན་པ་ར་སྤྲོད་བྱས་ཡོད་ལ། ཤུགས་ཆེན་དང་གནད་ཁེལ་གྱི་བྱ་ཐབས་ལག་བསྟར་བྱས་ནས་འབུར་དུ་ཐོན་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ་དང་། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་བཏོད་ནས་སྐྱེ་ཁམས་དཔལ་ཡོན་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་ལ་ཐིམ་པར་བྱས་ནས། སྐྱེ་ཁམས་དང་དཔལ་འབྱོར་གཉིས་མཉམ་གནས་མཉམ་འཕེལ་དང་ཕན་ཚུན་སྐུལ་འདེད་ཀྱི་ལམ་བུ་གསར་པ་ཞིག་བཏོད་ན། ད་གཟོད་ང་ཚོའི་རྒྱལ་ཁམས་འདི་མཁའ་དབྱིངས་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ། ཆུ་དྭངས་མོ་སྔར་ལས་དྭངས་བ། ཕྱིའི་ཁོར་ཡུག་སྔར་ལས་མཛེས་པས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེ་དམངས་ཀྱི་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྨང་རྡོ་ལྟ་བུ་ཡིན།

ཕྱིའི་སྣོད་ཀྱི་འཇིག་རྟེན་ལེགས་ན། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ཟེར་བ་ལྟར། སྐྱེ་ཁམས་དཔལ་ཡོན་ནི་ཁྱོན་ཡོངས་ཀྱི་ཐབས་ཇུས་དང་ཡུན་རིང་གི་ཐབས་ཇུས། རྒྱལ་ཁབ་ཀྱི་བྱ་བཞག་གལ་ཆེན་ཡིན་ལ། ནད་ཡམས་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ནས། ཅི་ལྟར་གོམ་གང་མདུན་སྤོས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཅི་ལྟར་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་པ། དེ་མིན་སྐྱེ་ཁམས་དཔལ་ཡོན་གྱི་སྲིད་ཇུས་ལ་སྐུལ་འདེད་བཏང་ནས། སྲིད་གཞུང་གི་སྙན་ཞུའི་བཀོད་སྒྲིག་ཅི་འདྲ་ཡིན་པ།  འཐུས་མི་དང་ཨུ་ཡོན་ཚོར་བསམ་འཆར་དང་གྲོས་གཞི་ཅི་འདྲ་ཡོད་པ་སོགས་ཀུན་གྱིས་དོ་སྣང་བྱེད་སར་གྱུར་ཡོད།

དེ་བས་ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐྱེ་ཁམས་དཔལ་ཡོན་སྐོར་ལ་ནང་དོན་ཅི་འདྲ་ཡོད་པར་ང་ཚོས་མཉམ་དུ་རེ་སྒུག་བྱེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།