ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་ལྟ་ཞིབ་བྱས་པའི་གནས་ཚུལ་ལ་ལན་སྤྲོད་བྱས།
2020.05.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་དངོས་འབེབས་དོན་འཁྱོལ་བྱ་ཆེད། 《ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ཐད་ཀྱི་གཏན་འཁེལ》ལྟར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐེངས་གཉིས་པ་སྤེལ་བར་མ་ཟད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལ་གཅིག་གྱུར་འཆར་འགོད་སྒོས་ཆེད་དམིགས་ལྟ་ཞིབ་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལྟ་ཞིབ་ཚན་ཆུང་གིས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ལན་སྤྲོད་བྱས། ལྟ་ཞིབ་བྱས་པའི་གནས་ཚུལ་ལ་བལྟས་ན། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཏན་ཏིག་སྒོས་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བསྒྱུར་བཅོས་བྱེད་པ་དེ་དམིགས་འབེན་གལ་ཆེན་དུ་བཟུང་ཞིང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྣ་ཚོགས་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་སྟེང་དུ་ཡོད་ལ། ཆེས་ཆེ་བའི་འགན་འཁྲིའང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པ་དང་། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པའི”ཞིང་ཆེན་གྱི་གནས་ཚུལ་ལ་ཐུན་མོང་དུ་བཟུང་བའི་ངོས་ཟིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། དཔལ་འབྱོར་ཞིང་ཆེན་ཆུང་གྲས་ནས་སྐྱེ་ཁམས་ཞིང་ཆེན་ཆེ་གྲས་དང་། སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་རྣམས་སྔ་གཞུག་ཏུ་ཐེངས་བདུན་ལ་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། མདོ་ལ་རིང་མོ། རྨ་ཙོང་གཞོང་ས་བཅས་སུ་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ས་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་གནས་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཏན་ཏིག་སྒོས་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་སྲུང་སྐྱོབ་ས་གནས་བརྒྱ་དང་སོ་དགུ་བཙུགས་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་ལྔ་ཟིན། ཟི་ལིང་གྲོང་ཁྱེར་ལྷོ་བྱང་རི་གཉིས་ཀྱི་ལྗང་བསྒྱུར་གྲུབ་འབྲས་མངོན་གསལ་ཡིན་ལ། གྲོང་ཁྱེར་ཡོངས་སུ་ནགས་ཤིང་གི་ཁེབས་ཚད་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་གཅིག་ལ་སླེབས། ནུས་ཁུངས་གཙང་མའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི“ལྗང་མདོག་གློག་སྤྱོད་ཉིན་བཅོ་ལྔ”ཡིས་ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་བསྐྲུན།

ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་དག་ཐེར་མཉམ་འབྲེལ་གྲོས་ཚོགས་དང་ཆ་འཕྲིན་གཟའ་འཁོར་ཚགས་པར་སོགས་ཀྱི་བྱ་བའི་ནང་རྐྱེན་བཙུགས་ཏེ། བྱ་བའི་འགན་འཁྲི་རྒྱུན་ཆད་མེད་པར་ནན་མོ་བྱས། ཙོང་ཆུའི་བཞུར་རྒྱུན་གྱི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་ཤུགས་ཆེན་པོས་ལག་བསྟར་བྱས་པས། 2018ལོའི་ཞིང་ཆེན་བརྒལ་བའི་བཅད་ངོས་རྫས་འགྱུར་གྱི་དབྱང་མཁོ་ཚད་དང་ཨན་ཏན། ལིན་གྱི་སྤྱིའི་གར་ཚད་བཅས2016ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་གསུམ་དང་གྲངས་ཆུང་བརྒྱད་དང་། བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་གསུམ། བརྒྱ་ཆའི་ཞེ་བརྒྱད་དང་གྲངས་ཆུང་གསུམ་ཇེ་དམའ་རུ་སོང་ཡོད། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་མཚོ་སྔོན་ནང་ཁོངས་ཀྱི་ཆུ་སྤུས་ཆ་སྙོམས་སུ་རིགས་གཉིས་ཀྱི་ཡན་དུ་བརྟན་ཆགས་སུ་རྒྱུན་སྲུང་བྱས་ཡོད། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བཅོ་ལྔ་དང་བྱེ་བ་ལྔ་ས་ཡ་དྲུག་དངོས་འབེབས་བྱས་ནས། མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཚོད་ལྟ་བྱེད་སའི་ལས་གཞི་ལག་བསྟར་བྱས་པ་དང་། མུའུ་འབུམ་གཉིས་དང་ལྔ་སྟོང་ལྷག་ཡོད་པའི་ལོ་རྒྱུས་ཤུལ་བཞག་བེད་མེད་གཏེར་རི་ལ་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིགས་སོ་སོའི་གཏེར་ལས་དབང་ཆ་གྱ་ལྔ་ཐོ་ཁོངས་ནས་བསུབ་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་སྒྲིག་འགལ་བཟོ་སྐྲུན་བརྒྱ་དང་རེ་དགུ་བཤིག མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལག་བསྟར་བྱེད་པའི་སྲོལ་ཡིག་དང་བརླན་སའི་མིང་ཐོ་དོ་དམ་བྱེད་ཐབས་སོགས་ས་གནས་ཀྱི་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ཐོག་མར་འགོད་པ་དང་། ཞིང་ཆེན་ཡོངས་ཀྱི་བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད་དང་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཐོན་ལས་ལྡོག་ཕྱོགས་ཞིབ་ཐོ་ནང་བཅུག་ཆོག་པའི་ལམ་ལུགས་བཙུགས་པ་རེད། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དཔྱད་དཔོག་དང་། ཉེན་བརྡ་གཏོང་བ་དང་ལྟ་སྐུལ་དོ་དམ་ཁྲིམས་བསྟར་མཉམ་འཛིན་བྱས་པའི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཆ་འཕྲིན་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་ལྟ་ཞིབ་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ལྟ་ཞིབ་བྱེད་ཞོར་དག་ཐེར་དང་མྱུར་དུ་འགུལ་སྐྱོད་དང་དག་ཐེར་བྱས་ཐོག མང་ཚོགས་ཉེ་འགྲམ་གྱི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྐོར་ཞིག་ཐག་གཅོད་བྱས། 2019ལོའི་ཟླ་བཅུ་གཉིས་པའི་བར་དུ། ལྟ་ཞིབ་ཚན་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་སྟོང་གཅིག་དང་ང་གཉིས་ཐག་བཅད་ཟིན་ལ། དེའི་ཁྲོད་བཀའ་ཕབ་ནས་དག་ཐེར་བྱེད་དུ་བཅུག་པ་ཉིས་བརྒྱ་ང་གཉིས་དང་། གྱོད་དོན་ཐོ་འགོད་བྱས་ཏེ་ཆད་པ་བཅད་པ་ལྔ་བཅུ་ཡོད་ལ། སྒོར་ས་ཡ་དྲུག་དང་འབུམ་ལྔ་ཁྲི་བརྒྱད་སྟོང་གཅིག་གི་དངུལ་ཆད་བཅད་པ་དང་། གྱོད་དོན་ཐོ་འགོད་བྱས་ཏེ་བརྟག་དཔྱད་བྱས་པའི་གྱོད་དོན་དྲུག་དང་མི་བརྒྱ་དང་རེ་བདུན་ལ་ཁ་ཆད་གླེང་མོལ་བྱས་ཤིང་། མི་བརྒྱ་དང་བཞི་ལ་འགན་འདྲི་བྱས།

ལྟ་ཞིབ་ཀྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་ས་གནས་དང་སྡེ་ཁག་ཁ་ཤས་ཀྱི་བསམ་བློའི་ངོས་ཟིན་དང་འཕེལ་རྒྱས་འདུ་ཤེས། བྱ་བའི་སྤྱོད་ཚུལ་དང་བྱ་བའི་སྐུལ་སྤེལ་ཤུགས་ཚད་སོགས་ཀྱི་ཕྱོགས་སུ་ད་དུང་ཡང་མི་འདང་ས་ཡོད་ཅིང་། སྐྱེ་ཁམས་གོ་གནས་དང་མི་དམངས་མང་ཚོགས་ཀྱི་རེ་འདུན་གལ་ཆེན་དང་བསྡུར་ན་ད་དུང་ཡང་བར་ཁྱད་ངེས་ཅན་ཞིག་འདུག

གཅིག་ནི་སྐྱེ་ཁམས་དམིགས་སུ་བཟུང་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལ་ཧེ་བག་ཡོད་པ་དངོས་འབེབས་བྱེད་དགོས་པ། གཉིས་ནི་ལྟ་ཞིབ་དག་ཐེར་བྱས་པའི་བྱ་བ་ཁ་ཤས་ད་དུང་གནད་ལ་ཁེལ་མེད་པ། གསུམ་ནི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པར་ད་དུང་མི་འདང་ས་ཡོད་པ། བཞི་ནི་ལྟ་ཞིབ་ཀྱིས་ད་དུང་འབུར་ཐོན་གནད་དོན་གཞན་པ་སྐོར་ཞིག་ཤེས་པ། ལྟ་ཞིབ་ཀྱིས་བླང་བྱ་བཏོན་དོན། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཐའ་གཅིག་ཏུ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། མཚོ་སྔོན་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་མོ་ནས་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཐེག་དགོས། ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོར་སྲུང་སྐྱོབ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་རྩྭ་ས་སྲུང་སྐྱོབ་སོགས་མངའ་ཁོངས་ཀྱི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་པ་དང་། ནུས་ཤུགས་ཡོད་རྒུས་ཙོང་ཆུ་སོགས་འབབ་རྒྱུན་གཙོ་བོའི་ཁོར་ཡུག་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་བྱེད་དགོས། ལས་རིགས་སྦགས་བཙོག་བཅོས་སྐྱོང་དང་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བྱས་ཏེ། ཁྲིམས་འགལ་གྱིས་སྦགས་བཙོག་ཕྱིར་ཕུད་པ་དང་ཁྲིམས་དང་མི་མཐུན་པར་ཉེན་ཁ་ཅན་གྱི་གད་སྙིགས་གཙང་སེལ་བྱེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱས་ནས། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་ཀྱིས་སྐུལ་སྤེལ་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་ཁྲིམས་སོགས་གཞིར་བཟུང་སྟེ་གཟབ་ནན་གྱིས་འགན་འཁྲི་རྩད་གཅོད་བྱེད་པ་དང་། འགན་འཁྲི་ཤོར་བའི་གནད་དོན་དག་འབྲེལ་ཡོད་སྡེ་ཁག་ལ་འགན་དཀྲིས་ཏེ་སྔར་ལས་གཏིང་ཟབ་ཀྱིས་བརྟག་དཔྱད་དང་འགན་འཁྲི་གསལ་འབྱེད་བྱེད་དགོས་པར་མ་ཟད། འབྲེལ་ཡོད་གཏན་འཁེལ་ལྟར་གཟབ་ནན་དང་གནད་འཁེལ། ནུས་ལྡན་བཅས་ཀྱི་སྒོ་ནས་འགན་འདྲི་བྱེད་དགོས།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚན་ཆུང་དྲུག་པས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྟ་ཞིབ་སྙན་ཞུ་ལྟར་དུ། མྱུར་དུ་དག་ཐེར་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ལས་ཀའི་ཉིན་མོ་སུམ་ཅུ་ནང་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འབུལ་དགོས། དག་ཐེར་འཆར་གཞི་དང་དག་ཐེར་དོན་འཁྱོལ་བྱས་པའི་གནས་ཚུལ་འབྲེལ་ཡོད་གཏན་འཁེལ་ལྟར་སྤྱི་ཚོགས་ལ་ཁྲོམ་བསྒྲགས་བྱེད་དགོས།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚན་ཆུང་དྲུག་པས་ད་དུང་ཤེས་རྟོགས་བྱུང་བའི་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་འགན་འཁྲི་རྩད་གཅོད་པའི་གནད་དོན་གསེད་བཀྲོལ་བྱས་ཏེ། འབྲེལ་ཡོད་གཏན་འཁེལ་ལྟར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྤྲད་དེ་ཐག་གཅོད་བྱེད་དུ་བཅུག་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།