རྨ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ནུས་ཤུགས་ཡོད་དགུས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་མཐོ་རུ་གཏོང་བ། སྐྱེ་ཁམས་ཀྱི་མིང་གྲགས་ཐོན་རྫས་ཡག་པོ་གཏོད་པ་དང་ལྗང་མདོག་གི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས། རི་ཆུའི་རྨ་ལྷོ་འཛུགས་སྐྲུན་བྱེད་པ་དང་སྤུས་ཚད་མཐོན་པོས“ཁུལ་གསུམ་འཛུགས་སྐྲུན”ལ་སྐུལ་འདེད་གཏོང་ཆེད་སྐྱེ་ཁམས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད།
སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། “སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། “ཕྱོགས་ཡོངས་ནས་ལྗང་བསྒྱུར་ལ་ཤུགས་སྣོན་པ་དང་གཙོ་གནད་འབུར་དུ་བཏོད་པའི”རྩ་དོན་གཞིར་བཟུང་ནས། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བ་དང་། ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ས་མུའུ་ས་ཡ་གཅིག་དང་འབུམ་བཞི་ཁྲི་གསུམ་སྟོང་དགུ་ལྷག་ཡོངས་འགྲུབ་བྱས་པ་དང་། “སྔོ་ལྗང་རི་ཆུ”དང“གསེར་རི་དངུལ་རིའི”རིན་ཐང་གཞན་སྒྱུར་གྱི་བྱ་བ་མངོན་འགྱུར་བྱུང་བས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད།
གཅིག་ནི་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་འབུར་ཐོན་ཡིན་པ། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་ལག་བསྟར་བྱེད་པའི་འདུ་ཤེས་ལ་དམ་པོར་དམིགས་ཏེ་ཡུལ་བབ་དང་བསྟུན་པ་དང་། སྔོ་ལྗང་ཁུལ་ལུགས་མཐུན་སྒོས་དགར་བ། རྨ་ཆུའི་བཞུར་རྒྱུད་ཀྱི་ནགས་སྐྲུན་ལྗང་བསྒྱུར་བྱ་རྒྱུར་འཚམ་པའི་རྩི་ཤིང་གི་རིགས་ལ་བརྟག་ཞིབ་གང་ལེགས་བྱས་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་དམིགས་ནས། ནུས་ཁུལ་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་ངོ་བོ་དབྱེ་འབྱེད་བྱེད་པ་དང་། རྒྱལ་ཁབ་ས་ཆ་བེད་སྤྱོད་ཀྱི་འཆར་འགོད་གཞིར་བཟུང་ནས། མཁར་གྲོང་འཛུགས་སྐྲུན་གྱི་འཆར་འགོད་ལ་ཟུང་འབྲེལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་འཆར་འགོད་དང་ཇུས་གཞི་ཇུས་འགོད་བྱེད་པ། རྩི་ཤིང་གི་རིགས་བཀོད་སྒྲིག་ནུས་ལྡན་བྱེད་པ། མཁར་གྲོང་དང་ཞིང་སྡེ། ཆུ་བོ། ཞིང་ཁ་བཅས་ལྗང་བསྒྱུར་གྱི་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། ལྗང་བསྒྱུར་གྱི་དམིགས་ཚད་ཞིབ་ཚགས་བཟོས་ཏེ་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་བར་སྟོང་ལ་འགན་སྲུང་བྱེད་དགོས། རྨ་ཆུ་བཞུར་རྒྱུད་ཀྱི་གཅན་ཚའི་མཚམས་ནས་རོང་བོ་དགུ་ཆུའི་བཞུར་རྒྱུད་འགྲམ་གཉིས་ཀྱི་རི་རྒོད་ནགས་སྐྲུན་ལྗང་བསྒྱུར་གྱི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྨ་ཆུའི་གཅན་ཚའི་མཚམས་དང་རོང་བོ་དགུ་ཆུའི་འགྲམ་གཉིས་གཙོར་ཡིན་པའི་ལྗང་མདོག་བར་ཁྱམས་གཉིས་བསྐྲུན་ནས། རོང་བོ་དགུ་ཆུའི་འགྲམ་གཉིས་ཀྱི་རི་རྒོད་ཚང་མ་སྔོ་ལྗང་དུ་བསྒྱུར་པ་དང་། ཡིད་འོངས་ཀྱི་གཅན་ཚའི་རི་རྒོད་ཚང་མ་ལྗང་མདོག་ཏུ་གྱུར་ཡོད་ལ། རྨ་ཆུའི་ཆུ་མཛོད་ཀྱི་མཛེས་ལྗོངས་དང་སྔོ་ལྗང་རི་ཆུའི་མཛེས་ལྗོངས་གཉིས་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།
གཉིས་ནི་དམངས་ཡོངས་ཀྱི་ལྗང་བསྒྱུར་འདུ་ཤེས་སྔར་ལས་ཇེ་མཐོར་སོང་བ། སྡེ་བ་དང་ཁྱིམ་ཚང་དུ་སོང་སྟེ་ལྗང་བསྒྱུར་གྱི་དོན་སྙིང་གལ་ཆེན་རྒྱ་ཁྱབ་སྒོས་དྲིལ་སྒྲོག་བྱེད་པ་དང་། མང་ཚོགས་རང་འགུལ་སྒོས་སྡོང་འཛུགས་ནགས་སྐྲུན་ཁྲོད་ཟབ་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱིས་སྡོང་འཛུགས་མི་བྱེད་པ་ནས་རང་འགུལ་སྒོས་སྡོང་འཛུགས་བྱེད་པའི་འདུ་ཤེས་བསྒྱུར། ཁེ་ལས་དང་ཚོགས་པ། མི་སྒེར་བཅས་ཀྱིས་མ་དངུལ་མཉམ་འཇོག་དང་མཉམ་ལས། མ་རྐང་དུ་འཇོག་པ་བཅས་ཀྱི་བྱེད་སྟངས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱས་པར་བརྟེན། ཕྱི་རྒྱལ་གྱི་མ་དངུལ་དང་དམངས་གཉེར་མ་རྩ་སྔར་ལས་མང་པོ་ལྗང་བསྒྱུར་གྱི་ལས་དོན་ཁྲོད་ཞུགས་པར་ནང་འགུག་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་འོས་འགན་གྱིས་ཞལ་འདེབས་ཕུལ་བ་དང་འོས་འགན་སྡོང་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྣ་མང་ཅན་གྱི་མ་དངུལ་འཇོག་པའི་ལམ་སྲོལ་ཆགས་པར་བྱས་པས་ལྗང་བསྒྱུར་ལས་རིགས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་། འོས་འགན་སྡོང་འཛུགས་ཀྱི་ཁྲིམས་བཀོད་རང་བཞིན་དང་མང་ཚོགས་རང་བཞིན། སྤྱི་ཕན་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ། ལོ་ཚད་ལོན་པའི་སྤྱི་དམངས་ཀྱི་འགན་འཁྲི་སྒྲུབ་ཚད་མཐོ་རུ་གཏོང་བ་དང་། ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། འོས་འགན་སྡོང་འཛུགས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་འོས་འགན་སྡོང་འཛུགས་ཀྱི་རྣམ་པ་གསར་གཏོད་བྱས་ནས། “འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། ལས་བྱེད་པ་རང་འགུལ་ངང་ཞུགས་པ། མང་ཚོགས་ཟབ་ཞུགས་བྱེད་པ”བཅས་ཀྱི་རྣམ་པ་བཟང་པོ་ཆགས་པ་བཅས་བྱས་པས། ཉེ་བའི་ལོ་གསུམ་གྱི་ནང་འོས་འགན་སྡོང་འཛུགས་སྡོང་རྐང་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་ལྔ་ཡོངས་འགྲུབ་བྱས་པ་དང་། ལོ་རེར་ཆ་སྙོམས་ཀྱིས་སྡོང་རྐང་འབུམ་དགུ་དང་ཁྲི་ལྔ་ཟིན་པ་དང་འགན་འཁྲི་སྒྲུབ་ཚད་བརྒྱ་ཆའི་གོ་ལྔ་ཡན་ཟིན་ཡོད།
གསུམ་ནི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་ཡིན་པ། མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན། རྫོང་བཅས་ཀྱི་གཞུང་ལམ། ཆུ་ལམ། ལམ་དྲའི་མཚམས་ཚིགས་བཅས་ཀྱི་མཐའ་འཁོར་དང་ལམ་རྒྱུད་ཀྱི་མཁར་གྲོང་གི་འགྲོ་འོང་བྱེད་གནས་གཙོ་གནད་དུ་བཟུང་སྟེ་ལྗང་བསྒྱུར་མཛེས་བཟོའི་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་། གཞུང་ལམ་མཛེས་ལྗོངས་ནགས་ཚལ་སྤྱི་ལེ་བདུན་ཅུ་གསར་སྐྲུན་དང་སྒྱུར་བཀོད་བྱས་ལ། “ལྗང་མདོག་བར་ཁྱམས”ཀྱི་སྒྲོམ་གཞི་མགྱོགས་མྱུར་སྒོས་ཆགས་པར་བྱས། མཁར་གྲོང་ལྗང་བསྒྱུར་གྱི་བྱ་བར་ནན་ཏན་སྒོས་སྐུལ་འདེད་བྱས་ཏེ། “ལྗང་མདོག་ཁྱིམ་གཞིས་བསྐྲུན་པ”མགོ་རྩོམ་ས་བྱེད་པ་དང་། “མཐོ་སྒང་གི་མཛེས་སྡུག་ཞིང་སྡེ”འཛུགས་སྐྲུན་བྱ་རྒྱུ་ཟུང་འབྲེལ་བྱས་ནས། ཁོར་ཡུག་ལྗང་བསྒྱུར་དང་ཁྱིམ་གཞིས་མཛེས་བཟོ་བྱེད་པའི་རྒྱུ་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཁོར་སྐྱོད་གང་ལེགས་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་དྲིལ་བསྒྲགས་བྱ་འགུལ་རྒྱུན་མཐུད་སྒོས་སྤེལ་ཏེ། མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་ཇེ་མཐོར་གཏོང་བ་དང་། སྡེ་བའི་སྤྱི་པའི་སྔོ་ལྗང་གནས་འཛུགས་སྐྲུན་བྱེད་པ། གཞུང་ལམ་ལྗང་བསྒྱུར་དང་ཁྱིམ་ར་ལྗང་བསྒྱུར་བཅས་བྱས་ལ། སྡེ་མིའི་འཚོ་སྡོད་ཁོར་ཡུག་ཧུར་ཐག་གིས་ལེགས་བཅོས་བྱས་ཏེ། མཁར་གྲོང་གི་ལྗང་མདོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་། འགྲན་རྩོད་ནུས་པ་དང་ཡིད་དབང་འཕྲོག་ཤུགས་ཇེ་མཐོར་བཏང་། ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཞོང་མ་མགོ་སྡེ་བ་དང་། གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བ། རྩེ་ཁོག་རྫོང་བོན་རྒྱ་ཞང་གཡུ་ལྕམ་སྡེ་བ་བཅས་སྐོར་དང་པོའི“རྒྱལ་ཁབ་ཀྱི་ནགས་ཚལ་ཞིང་སྡེ”ལ་བདམས་པ་རེད།
བཞི་ནི་སྐྱེ་ཁམས་དཔལ་འབྱོར་ཕན་འབྲས་ཕན་འབྲས་མངོན་གསལ་ཡིན་པ། སྔར་ལས་ལྷག་པའི་སྒོ་ནས་ནུས་པ་རྒྱ་ཆེར་གཏོང་བ་དང་ཕན་འབྲས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་སོགས་ཀྱི་བྱ་བ་སོ་སོའི་ཁྲོད་བཞག་ནས། སྐྱེ་ཁམས་སྲུང་སྐྱོབ་དང་གནད་འཁེལ་དབུལ་སྐྱོར་ཟུང་འབྲེལ་གནས་ཡང་དག་འཚོལ་བ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་དེ་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་བ་དང་སྐྱེ་ཁམས་ཀྱི་ཁྱད་སྟོབས་ཏེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་ཐོན་ལས་སྟོབས་ལྡན་ཡིན་པ། མང་ཚོགས་ཕྱུག་པོར་འགྱུར་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས། རྨ་ཆུ་དང་རོང་བོ་དགུ་ཆུའི་བཞུར་རྒྱུད་དུ་ཁྱད་ལྡན་སྐྱེ་ཁམས་འདེབས་འཛུགས་ལས་རིགས་གསར་སྤེལ་རྟེན་གཞི་ཧུར་ཐག་གིས་བསྐྲུན་ནས། གསོ་སྤེལ་བྱ་ཆེད་འདེབས་འཛུགས་བྱེད་པ་དང་འདེབས་གསོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། སྐྱེ་ཁམས་ཐོན་ལས་གསོ་སྤེལ་དང་རྒྱ་ཆེར་གཏོང་བ། སྐྱེ་ཁམས་ལས་ཕན་འབྲས་འཚོལ་བ་དང་ལྗང་མདོག་ལས་རྒྱུ་ནོར་རག་ཐུབ་པ་བྱས་ནས། སྔ་རྗེས་སུ་ནགས་ལས་སྡོང་ཕྲུག་ཆེད་ལས་མཉམ་ལས་ཁང་ཆེན་པོ་གསུམ་བཙུགས་པ་དང་། སྡོང་ཕྲུག་རིགས་སྣ་ཚོགས་ཀྱི་སྡོང་རྐང་བྱེ་བ་གཅིག་དང་ས་ཡ་དགུ་སྟོང་དགུ་ལྷག་གསོ་སྐྱོང་བྱས་ལ། ཁྱིམ་སྒེར་གྱི་ས་མུའུ་སྟོང་བཞི་བརྒྱ་དང་ང་བཞི་ལ་སྡོང་ཕྲུག་འཛུགས་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ས་ཡ་དྲུག་དང་འབུམ་གཅིག་ཁྲི་གསུམ་སྟོང་དགུ་ཉིས་བརྒྱ་མངོན་འགྱུར་བྱས། ས་གནས་ཀྱི་སྡོང་ཕྲུག་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་མང་ཚོགས་ཀྱི་ཐོན་ལས་གདམ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ཐུན་རིན་དང་གཅན་ཚ་རྫོང་གཉིས་སུ་ས་ཆར་མཚམས་པའི་སྡོང་ཕྲུག་སྔོན་ལ་འདེམས་སྤྱོད་བྱས་པ་དང་། ས་གནས་མང་ཚོགས་ནགས་སྐྲུན་དང་འདེབས་འཛུགས། ཞིང་ཆུ་འདྲེན་པ་སོགས་ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་དང་གནད་འཁེལ་དབུལ་སྐྱོར་ཐད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས།
ཉམས་ཞན་གྱི་དུས་མཚམས་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཐབས་ཇུས་འདོན་སའི་གནས་གཙོ་བོ་བཙལ་དགོས། རྨ་ལྷོ་ཁུལ་ནི་མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་གི་བར་བརྒལ་དུ་གནས་ཡོད་པ་དང་། ས་བབ་ཆག་གྲུམ་ཆེ་བ་དང་ལུང་ཤུར་མང་བ། ས་གཤིས་ཁོར་ཡུག་ཞན་པས། རྨ་ཆུ་གཅན་ཚ་དང་ཧི་ནན་རྫོང་གཉིས་ཀྱི་མངའ་ཁོངས་སུ་བཞུར་བའི་རིང་ཚད་སྤྱི་ལེ་ཉིས་བརྒྱ་ང་གསུམ་ཙམ་ཟིན་ཡོད་ལ། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་སྔོ་ཁེབས་ཚད་ཉུང་བ་དང་ས་ཆུ་ཤོར་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པས། སྲུང་སྐྱོབ་དང་འཕེལ་རྒྱས་ནུས་ལྡན་ངང་འབྲེལ་མཐུད་བྱེད་པར་དཀའ་ཁག་ཆེན་པོ་གནས་ཡོད། གཅིག་ནི་མང་ཚོགས་སྐོར་ཞིག་གི་ཐོན་སྐྱེད་བྱེད་སྟངས་རྗེས་ལུས་ཡིན་པ་དང་། སྲོལ་རྒྱུན་གྱི་ངལ་རྩོལ་བྱེད་སྟངས་ལ་ཁ་འབྲལ་ཐབས་མེད་པ། སྐྱེ་ཁམས་ཁོར་ཡུག་གི་གལ་ཆེན་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་བྱས་པ་མི་འདང་ལ། སྐྱེ་ཁམས་ཀྱི་ལྗང་མདོག་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེན་པོ་མེད་པ། རང་རྟོགས་སྒོས་ནགས་སྐྲུན་ལྗང་བསྒྱུར་བྱེད་པ་དང་རང་རྟོགས་སྒོས་ལྗང་བསྒྱུར་གྱི་གྲུབ་འབྲས་སྲུང་སྐྱོང་བྱེད་པའི་འདུ་ཤེས་འཛིན་ཆེན་པོ་མེད་པས། གསར་དུ་ནགས་སྐྲུན་བྱས་པའི་གནས་སུ་ཕྱུགས་ཟོག་གིས་གཏོར་བརླག་ཐེབས་པའི་གནད་དོན་སྐབས་འགར་འབྱུང་བཞིན་ཡོད། གཉིས་ནི་སྤང་ལྗོངས་མ་ལག་གི་འཆར་འགོད་དང“སྔོ་ལྗང་ལམ་ཐིག”གི་དོ་དམ་རྗེས་ལུས་ཡིན་པ་དང་། སྤང་ལྗོངས་མ་ལག་གི་འཆར་འགོད་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དཀོན་པ། སྔོ་ལྗང་ཅན་གྱི་ལས་གཞི་ཁག་ཅིག་འཆར་འགོད་དང་ཇུས་འགོད་ཞིབ་ཚགས་བྱེད་ཐུབ་མེད་པ། རྩི་ཤིང་བཀོད་སྒྲིག་གི་ཐད་ཚན་རིག་དང་མཐུན་པའི་གདམ་གསེས་བྱས་མེད་པ། སྔོ་ལྗང་ཅན་གྱི་བྱ་བར་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་ཐེབས་ཡོད། གསུམ་ནི་ལྗང་བསྒྱུར་གྱི་རྒྱ་ཁྱོན་རྒྱུན་མི་ཆད་པར་ཇེ་ཆེར་བཏང་བ་དང་བསྟུན་ནས། དོ་དམ་སྲུང་སྐྱོབ་ཀྱི་དཀའ་ཚད་ཆེ་རུ་གཏོང་བ་དང་། རྗེས་ཕྱོགས་ཀྱི་དོ་དམ་སྲུང་སྐྱོབ་ཀྱི་མ་དངུལ་གྱིས་སྡོང་འཛུགས་ཁ་གསབ་བྱེད་པ་དང་ཆུ་གཏོང་བའི་དོ་དམ་སྲུང་སྐྱོབ་སོགས་ཀྱི་བྱ་བར་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པས། ལྗང་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཤུགས་རྐྱེན་བཟོ་བཞིན་ཡོད། བཞི་ནི་མང་ཚོགས་ཀྱི་ཕྱུག་འགྱུར་འདུ་ཤེས་ལ་ད་དུང་ནོར་འཛོལ་ངེས་ཅན་ཞིག་ཡོད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཐོན་ལས་ཀྱི་ཐོག་མའི་གཞི་ཁྱོན་ཆགས་ཟིན་ལ། ལག་རྩལ་མི་སྣས་དེ་མཚུངས་ཀྱི་ལག་རྩལ་ཚད་ལྡན་ངང་འདེབས་འཛུགས་ཁེ་ལས་ལ་ཞིབ་འགྲེལ་དཔེ་སྟོན་བྱེད་དགོས། འོན་ཀྱང་འདེབས་འཛུགས་ཁྱིམ་ཚང་ཁ་ཤས་ཀྱི་འདེབས་འཛུགས་ཚད་ལྡན་མིན་པ་དང་། འདེབས་འཛུགས་བྱས་རྗེས་གང་བྱུང་དུ་བསྐྱུར་བ་དང་དོ་དམ་རགས་ལས་བྱེད་པ། དུས་མཇུག་གི་དོ་དམ་ལ་སྣང་ཆུང་བྱེད་པ་བཅས་བྱས་པས། སྡོང་ཕྲུག་གསོན་ཚད་མི་མཐོ་བ་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་མིན་པའི་གནས་སུ་ལྷུང་ཡོད།
ཡིད་ཆེས་བརྟན་པོ་བཅངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་སྲ་བརྟན་མཐོར་གཏོང་གི་ལོ་གསུམ་གྱི་བྱ་སྤྱོད(2020ལོ་ནས་2022ལོ་བར)ཕྱོགས་ཡོངས་ནས་སྤེལ་འགོ་རྩོམ་སྐབས། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཐོག་ཏུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད། གཅིག་ནི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བསྣན་ཏེ། ཁོར་ཡུག་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་པ། “སྲུང་སྐྱོབ་ནི་འཕེལ་རྒྱས་དང་། སྲུང་སྐྱོབ་ནི་འཛུགས་སྐྲུན་ཡིན”པའི་བསམ་བློ་བརྟན་པོ་བཙུགས་ཏེ། བློ་བརྟན་འགྱུར་མེད་སྒོས་ད་ཡོད་ཀྱི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་དང་། རྩེ་ཁོག་དང་ཧི་ནན་སོགས་སྐྱེ་ཁམས་ཉམས་ཞན་ས་ཁུལ་གྱི་ནགས་ས་དང་བརླན་ས། རྩྭ་ཐང་བཅས་སྲུང་སྐྱོབ་ཀྱི་དམར་ཐིག་ཚན་རིག་དང་མཐུན་པར་དབྱེ་འབྱེད་གཏན་འབེབས་དང་ནན་སྲུང་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གཞི་ཐིག་མཐའ་གཅིག་ཏུ་སྲུང་དགོས། སྲོལ་རྒྱུན་གྱི་སྡེ་བ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་དང་། རང་བྱུང་མཛེས་ལྗོངས་དང་ཞིང་སྡེའི་ད་ལྟའི་གནས་ཚུལ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། འཆར་འགོད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་སྡེ་བ་གསར་བའི་ཁྱད་ཆོས་ལ་ཡར་སྐུལ་བྱེད་དགོས། ནུས་ཤུགས་ཡོད་དགུས་སྲིད་འཛིན་སྡེ་བའི་ལམ་དང་ཆུ། གློག འཕྲིན་གཏོང་། ཁོར་ཡུག་སྲུང་སྐྱོབ་སོགས་རྨང་གཞིའི་སྒྲིག་བཀོད་མཐོར་གཏོང་བཟོ་སྐྲུན་དང་ཞིང་སྡེའི་ཁོར་ཡུག་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་། སྡེ་བ་སྔོ་ལྗང་ཅན་དུ་བསྒྱུར་བ། མཛེས་བསྒྱུར་བྱེད་པ་བཅས་གཅིག་གྱུར་སྒོས་སྐུལ་འདེད་བཏང་། གཉིས་ནི་སྔོ་ལྗང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་ཀྱི་དཔེ་མཚོན་ལེགས་བཟོ་བྱས། ནགས་སྐྲུན་ལྗང་བསྒྱུར་གྱི་ཐད་སྤྱོད་པའི་ས་ཆའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། སྐྱེ་ཁམས་བར་སྟོང་གི་བཀོད་པ་ཇེ་ལེགས་སུ་གཏོང་བ། ཁམས་ར་ནས་གདོང་མགོ་ནགས་ར་དང་། དམེ་ཤུལ་ནགས་ར་ནས་དགུ་རོང་བར་གྱི་ལྗང་མདོག་བར་ཁྱམས་ཡག་པོ་བསྐྲུན། ད་ཡོད་ཀྱི་ལྗང་བསྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། རི་རྒོད་ཐང་སྟོང་ལྗང་བསྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་རྩི་ཤིང་གི་སྔོ་ཁེབས་ཚད་མཐོ་རུ་བཏང་། ཕྱོགས་ཡོངས་ནས་བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ་དང་། ནགས་ཚལ་གྱི་སྤུས་ཚད་གནད་དུ་འཁེལ་བའི་སྒོ་ནས་མཐོར་འདེགས་གཏོང་བའི་བྱ་འགུལ་སྤེལ་ཏེ། སྐྱེ་ཁམས་ཉམས་ཞན་ས་ཁུལ་གྱི་སྲུང་སྐྱོབ་དང་ཉམས་གསོ་འབུར་ཐོན་ཡོང་བ་བཅས་བྱས། ཚན་རིག་དང་མཐུན་པར་ལྗང་བསྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཆུ་ལ་བརྟེན་ནས་ལྗང་བསྒྱུར་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་མ་དཔེ་ཧུར་ཐག་གིས་བསྐྲུན། གསུམ་ནི་ས་ཁོངས་ཡོངས་ཀྱི་ལྗང་བསྒྱུར་བྱ་བ་འབུར་ཐོན་དུ་བཏང་ནས། ནགས་སྐྲུན་གྱི་སྤྲོ་སེམས་འཕེལ་དུ་བཅུག ཁུལ་ཡོངས་སུ་སྐུལ་སློང་བྱེད་པ་དང་དམངས་ཡོངས་ཀྱིས་འགུལ་སྐྱོད་བྱེད་པ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པ་བཅས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ནགས་སྐྲུན་ལྗང་བསྒྱུར་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་།“མཐིང་མདོག་གི་གཞིས་ཁྱིམ”གསར་འཛུགས་བྱེད་པའི་བྱ་འགུལ་སྐུལ་འདེད་ནན་མོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྒོ་ར་ལྗང་བསྒྱུར་བྱེད་པ་དང་དགོན་སྡེ་ལྗང་བསྒྱུར། སློབ་ར་ལྗང་བསྒྱུར། འགྲམ་བཞི་ལྗང་བསྒྱུར། ཞིང་སྡེའི་བགྲོད་ལམ་ལྗང་བསྒྱུར་བཅས་འཛུགས་སྐྲུན་བྱས་ནས། གནམ་སྔོན་པོ་དང་ས་ལྗང་ཁུ། ཆུ་གཙང་མ་བཅས་ཀྱི་མཁར་གྲོང་གི་མཛེས་ལྗོངས་མགྱོགས་མྱུར་སྒོས་ཆགས་སུ་བཅུག “སུས་ནགས་སྐྲུན་བྱེད་པ་དང་སུས་དོ་དམ་སྲུང་སྐྱོབ་བྱེད་པ། སུ་ལ་ཕན་པ་ཐོབ་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ། ཁེ་ལས་དང་ནགས་ལས་མཉམ་ལས་ཁང་གིས་ནགས་སྐྲུན་འགན་གཙང་ལེན་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པ་དང་། དྲང་ཕྱོགས་ཀྱི་སྐུལ་ལྕག་རྐྱེན་སྲོལ་བཙུགས་ཏེ་སྤྱི་ཚོགས་ཡོངས་ནགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པའི་སྤྲོ་སེམས་འཕེལ་ཏུ་བཅུག བཞི་ནི་སྐྱེ་ཁམས་ཐོན་ལས་སྐྱེད་སྲིང་བྱས་ནས་ལྗང་མདོག་དམངས་ཕན་མངོན་འགྱུར་བྱས། ཞིང་ཆེན་གྱིས་བཏོན་པའི“ཤར་རྒྱུད་གླ་ཚེར་དང་། ནུབ་རྒྱུད་འཕང་འབྲས། ལྷོ་རྒྱུད་བོད་ཇ། རྨ་ཙོང་འགྲམ་དུ་སིལ་ཏོག”བཅས་ཀྱི་འཐབ་ཇུས་ལས་འགན་ལག་བསྟར་ནན་ཏན་བྱེད་པ་དང་། ས་བབ་དམའ་བ་དང་ཞིང་ཆུ་འདྲེན་ཐུབ་པའི་ས་ཁུལ་དུ་སྟར་ཁ་དང་ཆང་བ་ལི། གཡེར་མ། ཀུ་ཤུ་སོགས་དཔལ་འབྱོར་ཤིང་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། རི་རྒོད་ཐང་སྟོང་དང་ས་ནག་ཐང་དུ་ནགས་སྨན་བཀོལ་བའི་ཐབས་ལ་བརྟེན་ནས་ལྕུམ་རྩྭ་དང་སྲད་སེར། བོད་ཇ་སོགས་ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་འདེབས་འཛུགས་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ནས། སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་ཇུས་འགོད་དང་ཞིབ་འཇུག་ནན་ཏན་བྱས་ཏེ། རྨ་ཆུའི་སྐྱེ་ཁམས་རྒྱུ་ནོར་དང་རིག་གནས་རྒྱུ་ནོར་དེ་སྤྱི་ཚོགས་ཀྱི་རྒྱུ་ནོར་དང་དཔལ་འབྱོར་རྒྱུ་ནོར། དམངས་ཚིས་བདེ་སྐྱིད་བཅས་སུ་བསྒྱུར་ནས། ཐུན་རིན་དང་གཅན་ཚ་རྫོང་གཉིས་ཀྱི་ས་བབ་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་བཞིན་ཁམ་བུའི་མེ་ཏོག་དུས་ཆེན་དང་སིལ་ཏོག་བཏོག་པའི་དུས་ཆེན་སོགས་མིང་གྲགས་ཐོན་རྫས་རིམ་བཞིན་གསར་སྤེལ་བྱེད་པ་དང་། ཁྱད་ཆོས་མི་འདྲ་བ་དང་དུས་ཚིགས་མི་འདྲ་བར་གཞིགས་ནས་ལམ་ཐིག་རྩེ་གྲས་དང་ཁྱད་ལྡན་གནས་སྐོར་བྱ་འགུལ་སྤེལ་བ་བཅས་བྱས་ནས། མང་ཚོགས་ཀྱི་ལྟ་སྐོར་སྤྲོ་གསེང་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།