“ལྗང་མདོག་སྐྱེ་ལྡན”དེ“ཡིད་འོང་མཚོ་སྔོན”གྱི་མིང་བྱང་གྲགས་ཅན་དུ་གྱུར།
2020.06.04 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 28

 ཐུན་མིན་གྱི་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་དང་། སྣ་མང་ཅན་གྱི་ས་མཐོའི་སྐྱེ་ཁམས་ཁོར་ཡུག  གལ་ཆེ་ལ་དམིགས་བསལ་གྱི་སྐྱེ་ཁམས་གནས་བབ་བཅས་ལས“ཀྲུང་ཧྭའི་ཆུ་མཛོད”ལྟ་བུ་ཡིན་པའི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དུ་གྱུར་ཡོད། དེ་ལས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ཁྱད་དུ་འཕགས་པའི་ཆ་རྐྱེན་ཡང་འཛོམས་ཡོད།

པུའུ་དང་ཞིང་ཆེན་གྱིས་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་དུ་བཏོད་དེ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་བཞག་པས། ལྗང་མདོག་འཕེལ་རྒྱས་དེ་གསར་སྐྲུན་ལས་དོན་ཡོངས་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས་དང་རིན་ཐང་བརྩོན་ལེན་བྱ་ཡུལ་དུ་གྱུར་ཡོད།

ལོ་གཅིག་ལྷག་གི་རིང་ལ། དཔེ་སྟོན་ཞིང་ཆེན་གསར་འཛུགས་ལས་དོན་ས་ཁོངས་ཡོངས་སུ་ཁྱབ་གདལ་བཏང་བ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ས་མཐོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འབྲི་གཡག་དང་བོད་ལུག་གི་ཐོན་ལས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ལྡན་སྤུས་རྟགས་སྟོབས་ཆེར་གཏོང་བ། ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ནུས་ཡོད་བྱ་སྤྱོད་ལག་བསྟར་བྱེད་པ། ཞིང་ཕྱུགས་ལས་འཁོར་རྒྱུག་འཕེལ་རྒྱས་དང་སྙིགས་རོ་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ལས་ཚན་རྩལ་ཞབས་ཞུའི་མ་ལག་དང་རིག་སྟོབས་འདེགས་སྐྱོར་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ལས་འགན་ཆེན་པོ་དྲུག་ལ་དམིགས་ཏེ་པུའུ་དང་ཞིང་ཆེན་མཉམ་ལས་བྱེད་པ་དང་། མཉམ་དུ་ཤུགས་སྣོན་བྱེད་པ། གནས་ཚད་མཐོན་པོས་སྐུལ་འདེད་གཏོང་བ། སྲིད་ཇུས་དང་། ལས་གཞི། མ་དངུལ་སོགས་ཐད་ནས་གཟིགས་སྐྱོང་བྱེད་པ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས། ཚོད་ལྟ་སྔོན་ལ་བྱེད་པའི་དུས་མཚམས་སུ་མཚོ་སྔོན་ལ་བཀྲག་མདངས་འཚེར་བའི་གྲུབ་འབྲས་ཐོབ་ཡོད།

སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱིས་ས་མཐོའི་ཁྱད་ལྡན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེད་སྲིང་བྱས་ཤིང་། ཞིང་ལས་ཞིང་སྡེ་པུའུ་ཡིས་ཧོང་ཡོན་རྫོང་དང་རྐང་ཚ་རྫོང་གཉིས་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་ལ་གཏན་འཁེལ་བྱས་པ་དང་། ཡུལ་ཤུལ་གྱི་འབྲི་གཡག་དང་། མདོ་ལའི་བོད་ལུག ཚ་རྔ་འགག་གི་ཉ་སན་ཝུན། ཚྭ་འདམ་གཞོང་གི་འཕང་འབྲས་བཅས་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་བཞི་ལ་གཏན་འཁེལ་བྱས། ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་གླིང་22འཛུགས་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་141སྐྲུན་པ། རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཁག་5འདོན་པ། ས་གནས་ཀྱི་ཚད་གཞི་ཁག་55བཟོ་བ་བཅས་བྱས་ཡོད།

སྐྱེ་ལྡན་ལྟ་ཞིབ་ཚད་ལེན་གྱི་བདེན་དཔང་ར་སྤྲོད་ཐོབ་པའི་རྫོང་12ཀྱི་རྩྭ་ས་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བཞི་འབུམ་དྲུག་ཁྲི་གཅིག་ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་སྐྱེད་རྟེན་གཞིར་གྱུར་བ་དང་།  འབྲི་གཡག་དང་བོད་ལུག་གི་གྲངས་ཀ་ས་ཡ་བཞི་འབུམ་བཞི་ཁྲི་ལྔ་དང་སྐྱེ་ལྡན་ཤ་རིགས་ཏུན་ཁྲི་བདུན་སྟོང་ལྔ་བདེན་དཔང་ར་སྤྲོད་བྱས་ཡོད་ལ། ལྗང་མདོག་བཟའ་བཅའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ས་གཤིས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་621ལ་བདེན་དཔང་ར་སྤྲོད་ཐོབ་ཡོད།

“སྐྱེ་ཁམས་མཚོ་སྔོན། ལྗང་མདོག་ཞིང་ཕྱུགས”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། “མཚོ་སྔོན”གྱི་སྤུས་རྟགས་མང་པོ་བཏོད་ཡོད། འབྲི་གཡག་ཐོན་ལས་དེ་ཞིང་ཕྱུགས་ལས་ཀྱི་སྤུས་རྟགས་དང་པོར་བརྩིས་པ་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། ཡུས་ཧྲུའུ་ཡི་འབྲི་གཡག་དང་ཚྭ་འདམ་གཞོང་གི་འཕང་འབྲས་སོགས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཁྱབ་བསྒྲགས་བྱས་པས། ཏ་ཐུང་གི་འབྲི་གཡག་དང་ཞིན་ཧེ་ཡི་ནས་སོགས་སྤུས་རྟགས་7ཀྲུང་གོའི་ཞིང་ལས་སྤུས་རྟགས་ཀྱི་མིང་གཞུང་ནང་ཚུད་པ་རེད།

དེ་དང་ཆབས་ཅིག ཧུར་ཐག་གིས་མཚོ་སྔོན་གྱི་ནས་ཀྱི་སྤུས་རྟགས་བཏོད་དེ་ལས་སྣོན་ཞིབ་ཚགས་ལ་སྐུལ་འདེད་བཏང་བ་དང་རྩེར་སོན་སྤུས་ལེགས་བཏོད་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོའི་འོག འབྲི་གཡག་དང་བོད་ལུག་གི་ཁུངས་འདེད་མ་ལག་འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཞིང་ཆེན་ཡོངས་ཀྱིས་ཚོད་ལྟ་སྔོན་ལ་བྱེད་པ་དང་རིགས་དབྱེ་ཁྱབ་གདལ་རྒྱུན་འཁྱོངས་བྱས་ཏེ“121”ཁུངས་འདེད་ལས་གཞི་ལག་བསྟར་བྱས་པས་ཞིན་ཧེ་དང་། ཆི་ལེན། རྩེ་ཁོག་སོགས་རྫོང་10དང་། མཉམ་ལས་ཁང་དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ200། ཤ་རིགས་ལས་སྣོན་ཁེ་ལས་10བཅས་ལ་ཐོན་ཁུལ་ནས་ཁུངས་འདེད་ཐུབ་པའི་ཚོད་ལྟ་བྱས་ཡོད། ད་ལོའི་ཟླ་བཞི་པའི་ཟླ་མཇུག་བར་འབྲི་གཡག་དང་བོད་ལུག་གི་གྲངས་ཀ་འབུམ་གསུམ་ལྷག་ཙམ་གྱི་ཐོན་སྐྱེད་གཞི་གྲངས་དེ་ཞིང་ཆེན་རིག་ནུས་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཆེ་མོའི་ལས་སྟེགས་སུ་བཅུག་སྟེ། ཆ་འཕྲིན་འཚོལ་ཐུབ་པ་དང་ཁུངས་འདེད་ཐུབ་པ་ཐོག་མར་མངོན་འགྱུར་བྱུང་ཡོད།

2020ལོར་2019ལོའི་ཚོད་ལྟ་འཛུགས་སྐྲུན་གྱི་རྨང་གཞིའི་ཐོག་ཁུལ6གི་འབྲོག་ཁུལ་གྱི་ཕྱུགས་ལས་རྐྱང་པའི་རྫོང20དང་། མཉམ་ལས་ཁང(གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ)380 ཞང་གྲོང་ཞིང་ཕྱུགས་ལས་ལག་རྩལ་གྱི་ཞབས་ཞུ་སྡེ་ཚན111 ཤ་རིགས་ལས་སྣོན་ཁེ་ལས་20བཅས་བར་རྒྱ་སྐྱེད་པ་དང་། ནོར་ལུག་ས་ཡ་གསུམ་འབུམ་ལྔ་ལ་ཐོན་ཁུལ་ནས་ཁུངས་འདེད་ཐུབ་པ་བྱས་ཡོད།

2020ལོའི་ཟླ་4པར་ཚན་རྩལ་གསར་གཏོད་དང་། ལས་སྣོན་ཞིབ་ཚགས། འབྲི་གཡག་རིག་གནས་འགྲེམས་སྟོན་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་འབྲི་གཡག་ཐོན་ལས་དང་རིག་གནས་འགྲེམས་སྟོན་གླིང་སྟེ། མཚོ་བོད་ས་མཐོའི་འབྲི་གཡག་ཐོན་ལས་དཔེ་སྟོན་གླིང་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། དེ་ནི་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་དང་། འབྲི་གཡག་ཐོན་ལས་སྤུས་ཚད་མཐོན་པོས་གོང་འཕེལ་ཡོང་བར་གཞོལ་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཐོན་ལས་དཔེ་སྟོན་གླིང་ལ་སྡོམ་པས་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་ལྷག་དང་རྒྱ་ཁྱོན་སྤྱི་ཆིང56.4ཟིན་པ་དང་། དེ་ལས་ལོ་རེར་འབྲི་གཡག་ཁྲི6བཤས་ཏེ་ཤ་ཏུན་ཁྲི་གཅིག་སྟོང་གཅིག་ལྷག་ཐོན་སྐྱེད་ཐུབ་པའི་འཆར་འགོད་བྱས་ཡོད།

ཉིན་ཤས་གོང་དུ་ཞིང་ལས་ཞིང་སྡེ་པུའུ་ཡིས་2020ལོའི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཚོམ་བུ་འཛུགས་སྐྲུན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་འབྲི་གཡག་ཐོན་ལས་ཚོམ་བུའི་གྲས་སུ་ཚུད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།