མཚོ་སྔོན་གྱིས་བློ་ཐག་རྦད་ཆོད་སྒོས་ལྗང་མདོག་གི་རྩ་བ་སྲ་བརྟན་དུ་བཏང་བ།
2020.07.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྔ་རྗེས་སུ་སྤེལ་མགོ་ཚུགས་པ་མ་ཟད་དཔེ་སྟོན་ར་བ་འཛུགས་པའི་གནད་འགག་གི་དུས་མཚམས་སུ་སླེབས་ཡོད། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩོད་སྒྲུབ་གཅིག་གྱུར་གང་ལེགས་སྒོས་མངོན་ཡོད་པ་མ་ཟད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ནི་སྤུས་ཚད་མཐོ་བའི་འཚོ་བའི་སྒུལ་ཤུགས་ཤིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་།   མཚོ་སྔོན་དུ་ཞིང་ཆེན་གྱི་གནས་ཚུལ་ངོས་འཛིན་ཆེས་ཆེ་བ་གསུམ་ལ་རྐང་བཙུགས་ནས། ཞན་ཆ་ཁ་གསབ་དང་ཡག་ཐོག་ཡག་བརྩེགས། མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དུ་བརྩིས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཁྲོད། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་གྱི“མིང་བྱང”འཁྱེར་ནས་འཛམ་གླིང་ཕྱོགས་སུ་བསྐྱོད། ད་སྐབས་ཀྱི་མཚོ་སྔོན་ནི་རྒྱལ་ཡོངས་སུ་གྲགས་ཆེ་བའི་སྐྱེ་ཁམས་ཞིང་ཆེན་ཆེན་པོ་ཞིག་ཏུ་གྱུར་ཡོད།

མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་རྣམ་པ་གསར་བ་གཏོད་པ།

ད་ལྟ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཁྲི་གཅིག་དང་སྟོང་བདུན་ལྷག་ཙམ་གྱིས་ལག་རྟགས་བླངས་ཏེ་ལས་གནས་སུ་ཞུགས་པས། ཟླ་རེའི་གཏན་འཇགས་གླ་ཕོགས་དེ་ཁྱིམ་གྱི་ཡོང་འབབ་གཙོ་བོར་གྱུར་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། མི་དང་རང་བྱུང་། སྲུང་སྐྱོང་དང་འཕེལ་རྒྱས་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་ཐག་གཅོད་ཡག་པོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འཚོལ་ཞིབ་ཧུར་ཐག་བྱས། རྒྱ་ཆེའི་འབྲོག་པ་རྣམས་རྩྭ་ཐང་བེད་སྤྱོད་མཁན་ནས་སྲུང་སྐྱོབ་བྱེད་མཁན་དུ་གྱུར་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད།

ཟླ་བདུན་པ་ནི་མཚོ་སྔོན་གྱི་ཆེས་མཛེས་པའི་དུས་ཚིགས་ཡིན་ལ། རྩྭ་ཐང་དུ་བཞད་པའི་སྐལ་བཟང་མེ་ཏོག་གིས་རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་མཛེས་རིས་ལ་ཚོན་མདངས་ཟབ་མོ་བསྣན་ཡོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་གི་གཡང་དར་རྟ་ཞོན་ནས་རྩྭ་ཐང་དུ་སྐོར་སྲུང་བྱེད་སྐབས། ནམ་ཟླའི་འགྱུར་ལྡོག་ཧ་ཅང་ཆེ་རུང་། ཁོས་རླུང་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་ཕྲག་ཐོག་ཏུ་འཁུར་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་འགན་འཁྲི་སྒྲུབ་ཆེད་སེམས་སུ་སྤྲོ་བའི་བརྟས་ཡོད།

2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་མཚོ་སྔོན་གྱི་ས་གཞི་ཆེན་མོར་ཁྱབ་ཅིང་། དེ་ནས་བཟུང་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བཅོས་སྒྱུར་འཚོལ་ཞིབ་བྱེད་མགོ་ཚུགས། མེད་པ་ནས་ཡོད་པའི་བར་མཚོ་སྔོན་གྱིས་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་རབ་དང་རིམ་པ་གསར་གཏོད་བྱས།

སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་དཔེ་དབྱིབས་འཚོལ་ཞིབ་བྱེད་པའི་བར། ཆ་སྙོམས་ས་བབ་མཐོ་ཚད་མུས་སྟོང་བཞི་ལས་བརྒལ་བའི་གཙང་གསུམ་འབྱུང་ཡུལ་དུ་བྱ་བ་སྒྲུབ་རྒྱུ་ལས་སླ་མོ་ཞིག་མིན་རུང་མཚོ་སྔོན་གྱིས་ལམ་བུ་ཞིག་བཏོད་ཡོད། སྔ་རྗེས་སུ་ཐོག་མའི་གསར་གཏོད་རང་བཞིན་གྱི་བཅོས་སྒྱུར་སྣ་བརྒྱ་ལྷག་ཙམ་ལག་བསྟར་བྱས་པ་དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད་ལ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་བྱེད་དབང་བར་གྱི་འབྲེལ་བ་མཐུན་སྦྱོར་བྱུང་ཞིང་། ད་ལོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། གཙང་པོའི་ཆུ་འགོའི་ས་གཞི་ཆེན་མོར་སླར་ཡང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་བསྐྲུན་ཡོད།

ད་ལོ་ལོ་ལྔ་བཅུ་ཡིན་པའི་གངས་འབྲུག་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་འཚོ་བ་རོལ་བཞིན་ཡོད་ལ། ཁོ་རང་འཚོ་སྡོད་བྱེད་སའི་རྩྭ་ས་རེ་ཞིག་ཇེ་སྡུག་ཏུ་ཕྱིན་པའི“སྡུག་བསྔལ”གྱི་བྲོ་བ་མྱངས་མྱོང་བས། ད་ལྟ་ཡོད་ཚད་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱིན་ཡོད། མ་གཞི་ནས་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཡུལ་དང་པོའི་བདག་སྐྱོང་བ་ཞིག་ཏུ་འགྱུར་འདོད་ཡོད། ཁོའི་ལས་འགན་ནི་ཉིན་ལྟར་སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱེད་པ་ལས་གཞན་ད་དུང་ལམ་རྒྱུད་ཀྱི་གད་སྙིགས་འཐུ་རྒྱུ་དེ་རེད།

དབྱངས་ཐར་དང་གངས་འབྲུག་གང་ཡིན་རུང་། ཁོ་གཉིས་ཀྱི་ཐོབ་ཐང་གཅིག་མཚུངས་ཡིན་ལ། རྒྱ་ཆེའི་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་དུ་བསྡུ་བཞིན་ཡོད་པ་དང་། མི་གཅིག་གིས་ཁྱིམ་ཚང་གཅིག་ལ་ཁྱབ་སྒྲོག་བྱས་ནས་སྤྱི་ཚོགས་སྟེང་ཞུགས་པ་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཚན་པ་ཆུང་ཆུང་རེ་རེ་ལས་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་ཆེན་པོ་ཆགས་ནས་གྲངས་ཚད་གཏན་འཁེལ་ཁྲོད་འགྱུར་ཚད་འཚོལ་བ་དང་། ཚད་འགྱུར་ཁྲོད་ཚད་བརྒལ་ཡོང་བ་དང་མེད་པ་ནས་ཡོད་པའི་བར། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་རྩོད་སྒྲུབ་ངང་ཐག་གཅོད་ཡག་པོ་བྱས་ཤིང་། ད་ལྟ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གང་སར་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་མཛེས་སྡུག་ལྡན་པའི་ཞི་མཐུན་གྱི་རི་མོ་ཞིག་མངོན་ཡོད།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཉིན་རེ་བཞིན་མི་སེམས་ལ་ཟུག་པ་དང་ཆབས་ཅིག དེ་གར་འཚོ་བ་རོལ་མཁན་གྱི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས་པའི་གལ་ཆེའི་རང་བཞིན་ཤེས་པ་དང་། ཁོ་ཚོའི་ཐོབ་ཐང་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། ཁྱིམ་ཚང་ལ་ལ་མ་རྐང་འཇོག་མཁན་དང་ཁོངས་མི་རུ་གྱུར་བ་དང“ཁེ་བཟང་”མཉམ་སྤྱོད་བྱེད་བཞིན་ཡོད། ལ་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་སོགས་ལྗང་མདོག་ཐོན་ལས་གཉེར་བཞིན་ཡོད། ད་དུང་ལག་རྩལ་ལ་བརྟེན་ནས་ཕྱི་རུ་ཞོར་ལས་སུ་འགྲོ་བ་དང་ཡང་ན་ཚོང་རྒྱག་གིན་ཡོད། ཐབས་ལམ་སྣ་མང་བརྒྱུད་དེ་ཁོ་ཚོའི་ཡོང་སྒོ་སྔར་ལས་ཧ་ཅང་མང་བ་དང་འཚོ་བའི་སྤུས་ཚད་ལའང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ།    “གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་རེད། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ལག་བསྟར་བྱས་པའི་དམིགས་ཡུལ་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བྱས་ནས་བུ་རབས་ཚ་རྒྱུད་ལ་རྩ་ཆེའི་རང་བྱུང་རྒྱུ་ནོར་འཇོག་དགོས། འདི་ནི་ཀྲུང་གོས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།

2019ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུའི་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་ནས། མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།      མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལོ་སྟོད་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་སྤེལ་འགོ་ཚུགས་པ་དང་། དེའི་རྗེས། མཚོ་སྔོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་གོམ་སྟབས་དང་བསྟུན་ཏེ། “གོམ་སྟབས་གསུམ”གྱི་འཐབ་ཇུས་ལ་བརྟེན་ནས་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཡི་རྒྱལ་ཁབ་སྤྱི་གླིང་བསྐྲུན།

མཚོ་སྔོན་ནི་གཙང་བོ་གསུམ་གྱི་འབྱུང་ཁུངས་ཡིན་པས།“ཀྲུང་ཧྭའི་ཆུ་མཛོད”ཀྱི་མཚན་སྙན་གནང་ཡོད། རང་རྒྱལ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གོ་གནས་བཟུང་ཡོད། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱིས་ད་ལྟའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་བསྐྲུན་པ་རེད། མཚོ་སྔོན་གྱི་བུ་ཕྲུག་ཚོས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ལ། ནུས་ཤུགས་ཡོད་དགུས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཡོད། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་བཅོ་བརྒྱད་དང་བྱེ་བ་གསུམ་ས་ཡ་དགུ་ཟིན་ཡོད་པ་དང་། ལོ་རེར་ཆུ་མགོ་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ལྷག་ཙམ་ཕྱིར་གཏོང་བྱེད་ཀྱིན་ཡོད། སྐྱེ་ཁམས་ཞིང་ཆེན་ཆེན་པོ་མིང་དོན་དང་མཚུངས་ལ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དུས་དང་ཏག་ཏག་འཁེལ་ཡོད།

སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ“འཕེལ་རྒྱས་ཀྱི་སྦྲེལ་ཐག”གི་རྩེ་མོར་བཞག་ནས་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་། 2019ལོའི་ཟླ་དྲུག་པར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་མགོ་བརྩམས། དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་རྒྱུའི་བཅོས་སྒྱུར་ལས་འགན་གལ་ཆེན་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་རྨང་གཞིར་སྐུལ་འདེད་བྱེད་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བརྟག་དཔྱད་དཔྱད་འཇོག་དང་སྡེབ་སྒྲིག་ལེགས་བསྒྱུར་གྱི་བྱ་བ་སྤེལ་ཞིང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་གནས་ཉིས་བརྒྱ་ཉེར་གསུམ་གྱི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བརྟག་དཔྱད་དཔྱད་འཇོག་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་མ་ཟད། དེའི་ནང་གི་གནས་བརྒྱ་དང་དགུ་ཧྲིལ་བསྡུས་ལེགས་སྒྲིག་གི་ཁྱབ་ཁོངས་ནང་བཅུག་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཧྲིལ་བསྡུས་ལེགས་སྒྲིག་བྱེད་ཐབས་དང་ཇུས་གཞི། སྔོན་ཇུས་བཅས་དང་ཚད་གཞི་སོགས་ཀྱི་གྲུབ་འབྲས་ཁག་ཅིག་བསྐྲུན་ཡོད།

རྨང་གཞི་དེའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཆར་འགོད་དང་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་སྔར་ལས་འཐུས་ཚང་དུ་འཛུགས་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་སོགས་ལམ་ལུགས་དང་བྱེད་ཐབས་དགུ་སྒྲིག་བཟོའི་བྱ་བ་སྤེལ་བས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་འཆར་འགོད་དང་ལམ་ལུགས་ཚད་གཞིའི་མ་ལག་ཐོག་མ་བཙུགས་ཡོད།

དེ་དང་ཆབས་ཅིག ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་ལས་འགན་ཁག་རེ་རེ་བཞིན་དོན་འཁྱོལ་ཧུར་ཐག་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་འཆར་འགོད། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རང་བྱུང་སློབ་གསོའི་འཆར་འགོད། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲོལ་ཡིག(ཐོག་མའི་མ་ཡིག)》སྒྲིག་བཟོ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ས་མཚམས་ཐིག་ལེན་གྱི་ཚད་གཞི་བཟོ་བའི་བྱ་བ་སྤེལ་འགོ་ཚུགས་པ་རེད།

ད་ལྟ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ཐོན་ཁུངས་དང་ནུས་རྒྱུའི་མིང་བྱང་ཡག་པོ་བསྐྲུན་ནས། མཚོ་སྔོན་གྱིས“དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་བཞིན་ཡོད།

འཕེལ་རྒྱས་དང་སྲུང་སྐྱོབ་མཐུན་སྦྱོར་གཅིག་གྱུར་ཡོང་བ་ཕན་ཚུན་སྤེལ་ཟླ་བྱེད་དགོས།

ཟླ་བདུན་པའི་རྨ་ཆུའི་རླབས་ཕྲེང་གཡོ་བ་དང་། དེ་གར་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་ཕན་ཡོད་ཀྱི་ཚོང་ལས་གོ་སྐབས་དམ་འཛིན་བྱས་ཏེ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་བརྩོན་བཞིན་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་ནི་རྨ་ཆུའི་འགྲམ་དུ་ཆགས་ཡོད་ལ། རི་སྟེང་ནས་དེ་གར་གནས་སྤོ་བྱས་པའི་སྡེ་མི་རྣམས་ཀྱིས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་བེད་སྤྱད་དེ་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་བཏང་ཡོད།

འཇམ་དབྱངས་བསོད་ནམས་ནི་བདེ་སྐྱིད་སྡེ་བའི་སྐྱེ་ཁམས་གནས་སྐོར་ལ་བརྟེན་ནས་ཡོང་སྒོ་བཙལ་མཁན་ཞིག་ཡིན་ལ། ལས་ལ་བརྩོན་པའི་བཟའ་ཟླ་གཉིས་ལ་ཚོང་ལས་ཀྱི་གོ་སྐབས་རེག་པས། རང་ཁྱིམ་དུ་ཁྱད་ལྡན་བཟའ་བཏུང་དང་ཞག་སྡོད་བྱེད་ས་ཚོང་གཉེར་བྱེད་བཞིན་ཡོད་ལ། ཟླ་བ་འགའི་དུས་ཚོད་ནང་། གནས་སྐོར་ཡོང་འབབ་ཧ་ཅང་མང་པོ་ཡོད་པས་འཚོ་བའི་སྤུས་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཡུལ་སྐོར་ཐོན་ལས་ཙམ་མ་ཟད་སྐྱེ་ཁམས་ལ་རྐང་བཙུགས་ནས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་འབྲས་བུ་ཆེན་པོ་འབྱུང་བཞིན་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཏུལ་ཐང་དུ་ནུས་ཁུངས་གསར་པའི་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཉིན་འགའི་སྔོན་ལ། མཚོ་སྔོན་ནས་ཧི་ནན་བར་གྱི་སྟོང་ཧྥུ་བརྒྱད་བརྒྱ་ཡི་ཆེས་མཐོ་གནོན་ཐད་རྒྱུགས་བཟོ་སྐྲུན་ནས་གློག་གཏོང་མགོ་ཚུགས་ཏེ། འཛམ་གླིང་གི་ནུས་ཁུངས་གཙང་མའི་བགྲོད་ལམ་ཐོག་མ་རུ་གྱུར་ཡོད།

ནུས་ཁུངས་གཙང་མའི་ཐོན་ལས་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བ་དང་ཆབས་ཅིག འོད་ཤུགས་དང་འོད་དྲོད། རླུང་གློག་སོགས་ཐོན་ལས་ཀྱིས་འདེགས་སྐྱོར་བྱས་པའི་ནུས་ཁུངས་གཙང་མ་དེ་མིང་བྱང་གྲགས་ཅན་ཞིག་ཏུ་གྱུར་པ་དང་། མཚོ་སྔོན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་བསྟུན་ནས། ཧུར་ཐག་གིས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་བཞིན་ཡོད།

ཐོན་ལས་འཕེལ་རྒྱས་ཀྱི་ཤུགས་སུ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བར་འབད་བརྩོན་བྱེད་བཞིན་པ་མཚོན་ཡོད། ལྗང་མདོག་འཕེལ་རྒྱས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞི་བཟང་པོར་བརྟེན་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བར་དམིགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བཞིན་ཡོད།

2019ལོར། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་དང་དེ་བཞིན་མངའ་ཁོངས་ནང་གི་ནུབ་བྱང་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་སྣ་ཚོགས་ཀྱི་ཆུ་སྤུས་ལེགས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད་པ་དང་། ཙོང་ཆུའི་ཆུ་ཡི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། མིན་ཧོ་ཟམ་པའི་ཞིང་ཆེན་ཕྱི་རུ་བཞུར་བའི་ཆུའི་སྤུས་ཚད་བརྟན་པོའི་ངང་རིགས་བཞི་པར་སླེབས་ཡོད།

གནས་ཁུངས་བཅོས་སྐྱོང་ནས་ངོས་ཁུངས་བཅོས་སྐྱོང་དུ་རྒྱ་བསྐྱེད་དགོས་པ་དང་། ཆུ་རླངས་སྙིགས་རོ་བཅོས་སྐྱོང་བྱེད་པ་ནས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁག་བཅོས་སྐྱོང་བྱེད་པའི་བར་རྒྱ་བསྐྱེད་དགོས་ལ། ས་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པ་ནས་ཕྱོགས་ཡོངས་ནས་འགོག་བཅོས་བྱེད་པའི་བར་རྒྱ་སྐྱེད་གཏོང་དགོས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བཅོས་བསྒྱུར་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་ཆེན་རིམ་པ་མན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དང་། ལྟ་ཞིབ། ཁྲིམས་བསྟར་དོ་དམ་བྱེད་པའི་ལམ་ལུགས་བཅོས་བསྒྱུར་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་གཞུང་ལས་ཁང་དང་ས་ཁོངས་བཞི་བརྒལ་བའི་ཁོར་ཡུག་ལྟ་ཞིབ་ཆེད་མཁས་གཞུང་སྒྲུབ་ཁང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལས་ཀའི་མ་ལག་ཐོག་མར་བཙུགས་ཡོད།

དེང་གི་མཚོ་སྔོན་དུ་བདེ་སྐྱིད་ཅིག་ཡོད་པ་ནི་སྐྱེ་ཁམས་ཡིན་པ་དང་། འཕེལ་རྒྱས་ཤིག་ཡོད་པ་ནི་ལྗང་མདོག་ཡིན་ལ། ཁ་ཕྱོགས་ཤིག་ཡོད་པ་ནི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པ་དང་། དེ་གར་འཚོ་བ་རོལ་བཞིན་པའི་མཚོ་སྔོན་གྱི་བུ་ཕྲུག་ཚོ་ཡང་མྱོང་ཚོར་ཟབ་མོ་བྱུང་ཡོད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་བདེ་སྐྱིད་ཀྱིས་ང་ཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཚོ་བར་སྐུལ་འདེད་གཏོང་བཞིན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།