གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་།
2020.07.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

 དུས་རབས་སྔོན་མར་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་སོང་བ་ནས་ཧུར་ཐག་གིས་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་པའི་བར། ད་ལྟ་རྒྱལ་ཁབ་སྤྱི་གླིང་གི་འགོ་འཛུགས་ས་གསར་པ་ཡིན་པའི་གཙང་གསུམ་ཆུ་འགོར་ལངས་ཏེ། “འཕྲལ་སྒྲུབ་ལས་འགན་འབད་སྒྲུབ”ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་དང་།  བཅོས་སྐྱོང་ནུས་པ་ཇེ་དྲག་ཏུ་བཏང་ཞིང་།   “སུའི་ཆེད་དུ”ཡིན་པའི་བསམ་བློ་བཅངས་ནས་སྐྱེ་ཁམས་དང་དམངས་ཚིས་གཉིས་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བཞིན་ཡོད།

ལོ་དུ་མའི་རིང་ལ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་སྐབས་དང་པོའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་བརྒྱུད། “ཀྲུང་ཧྭའི་ཆུ་མཛོད”ཀྱི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར80ཙམ་ཇེ་མང་དུ་སོང་ཡོད།

ལོ་བཅུར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྐྱེ་ཁམས་ཇེ་ལེགས་སུ་སོང་སྟེ་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བར་གྲ་སྒྲིག་ལེགས་པོ་བྱུང་ཞིང་། དུས་སྐབས་དང་པོའི་ལས་གཞི་ནས་རྒྱལ་ཁའི་གྲུབ་འབྲས་ཐོབ་པའི2015ལོར་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་བ་རེད།

ལོ་ངོ་དུ་མའི་རིང་ཀྲུང་གོར་རང་བྱུང་སྲུང་སྐྱོབ་ཁུལ་དང་། ནགས་ཚལ་སྤྱི་གླིང་།  བརླན་སའི་སྤྱི་གླིང་། ས་གཤིས་སྤྱི་གླིང་། ཆུ་བེད་མཛེས་ལྗོངས་ཁུལ་སོགས་སྲུང་སྐྱོབ་གླིང་ཁུལ་བཅུ་མཉམ་གནས་ཀྱི་རང་བྱུང་སྲུང་སྐྱོབ་མ་ལག་ཅིག་གྲུབ་ཡོད།  “རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་བ་བརྒྱུད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཡུན་རིང་འཕྲད་པའི་སྒྲིག་སྲོལ་གྱི་མི་འདང་ས་གཙོར་བཟུང་ཏེ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་བན་ཁྲེང་གིས་གསར་འགོད་པར་བཤད་རྒྱུར།  “ནགས་ལས་དང་། ཁོར་ཡུག་སྲུང་སྐྱོབ། རྒྱལ་ཁབ་ས་ཁོངས་། ཆུ་བེད་བཅས་སྡེ་ཁག་ཚང་མས་དོ་དམ་བྱས་ནའང་དོ་དམ་ནན་མོ་དང་དོ་དམ་མཐར་ཕྱིན་བྱུང་མེད་པ་རེད་ཟེར།

གྲུབ་འབྲས་ཐོབ་པའི་ཉམས་མྱོང་གི་དཔྱད་གཞི་མེད་པའི་གནས་ཚུལ་འོག སྔོན་ལ་སྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པའི་གཙང་གསུམ་འབྱུང་ཡུལ་གྱིས་སྔར་ཡོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་སྟངས་དོར་ནས་སྔར་བས་ཚན་རིག་དང་མཐུན་ཞིང་ནུས་པ་ལྡན་པའི་རྐྱེན་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཙུགས་པའི་རྗེས་སུ་འབྲི་ཆུའི་མགོ་ཁུངས་དང་། རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྒྱལ་ཁབ་ས་ཁོངས་དང་ཁོར་ཡུག་སྲུང་སྐྱོབ། ཆུ་བེད། ནགས་ལས་སོགས་རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་དག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་བཅུག་སྟེ་བསྡུ་སྒྲིལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་བཙུགས་པ་དང་། གཞན་ཡང་ནགས་ཚལ་སྤྱི་བདེ་དང་། རྒྱལ་ཁབ་ས་ཁོངས་ཁྲིམས་འཛིན། ཁོར་ཡུག་ཁྲིམས་བསྟར། རྩྭ་ཐང་ལྟ་ཞིབ་དོ་དམ། ཉ་ལས་ཁྲིམས་འཛིན་སོགས་ཁྲིམས་འཛིན་སྒྲིག་གཞི་ཡང་དོ་དམ་ཨུ་ཡོན་ལྷན་ཁང་མངའ་འོག་གི་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་སུ་བསྡུ་སྒྲིལ་བྱས་ཤིང་། རིན་ཆེན་སྟོབས་རྒྱལ་རྨ་ཆུའི་མགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་ཐོག་མར་གྱུར་ཡོད།

རྒྱལ་ཁབ་སྤྱི་གླིང་བཙུགས་ནས་དོ་དམ་ནན་མོ་བྱས་པར་ཕན་འབྲས་མྱུར་དུ་ཐོན་ཞིང་། སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་གྱིས་བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་ཏེ། “ སྡེ་ཁག་མང་པོས་དོ་དམ”གྱི་རྣམ་པར་འགྱུར་ལྡོག་བཏང་བ་དང་།  ཁྲིམས་འཛིན་ལྟ་སྐུལ“ཐར་ཐོར་ཅན”གྱི་གནད་དོན་ཐག་གཅོད་བྱས་པ། རང་བྱུང་ཐོན་ཁུངས་ཀྱི་རང་བདག་དབང་ཆ་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་ཐག་གཅོད་བྱས་པར་མ་ཟད།  གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་རྐྱེན་སྲོལ་གསར་གཏོད་ཀྱི་ལམ་བུ་གསར་པ་ཞིག་ཀྱང་བཏོད་ཡོད།

2017ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཞུང་ཕྱོགས་དྲ་ཚིགས་དང་། པོད་འཕྲིན། སྐད་འཕྲིན་སྤྱི་སྟེགས་བཅས་ཕྱོགས་ཡོངས་ནས་བེད་སྤྱོད་བྱེད་འགོ་བརྩམས།  དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅུའི་ཚོད་ལྟ་ལག་བསྟར་བྱས་པའི་ཁྲོད་ཐོན་པའི་ཐོག་མའི་གཞུང་ཕྱོགས་ཀྱི“འཕྲིན་གཉིས་དང་དྲ་ཚིགས་གཅིག”གིས་སྤྱི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་རྒྱལ་ཁབ་སྤྱི་གླིང་གི་རྣམ་པ་ཡོངས་སུ་བསྟན་ཡོད།

ལོ་དེར《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་ལེན)》དངོས་སུ་ལག་བསྟར་བྱས་པ་དེའང་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་ཆེད་དམིགས་ཁྲིམས་སྲོལ་ཐོག་མ་ཡིན་ལ། གཏེར་འདོན་དང་། ཤིང་གཅོད། ལྐོག་རྔོན། ཉ་འཛིན།  བརྐོ་སློག་སོགས་ཀྱི་ནང་དོན་ལྡན་པའི《སྲོལ་ཡིག》དེའི་ནང་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འགལ་བྱ་སྤྱོད་མང་པོ་ཞིག་ཞིབ་འགོད་བྱས་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ཡོད།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་བྱེད་པར་ཚད་གཞི་མཐོ་བ་དང་། འགོ་འཛུགས་ས་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། ད་དུང་ལས་སྟེགས་གསར་བ་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་བ་རེད།

ཚོད་ལྟའི་ལམ་ལུགས་ལག་བསྟར་བྱས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོ། ཐོན་ལས་འཕེལ་རྒྱས་དང་དམིགས་བསལ་ཆོག་འཐུས་ཚོང་གཉེར་སོགས་ཆེད་དོན་འཆར་འགོད་5དང་། དེ་བཞིན་ཚན་ཞིབ་ཚན་རིག་ཁྱབ་གདལ་དང་ཡུལ་སྐོར་པར་དོ་དམ་སོགས་ཀྱི་དོ་དམ་བྱ་ཐབས12སྔ་རྗེས་སུ་བཟོས་ཡོད།  ཧོ་བན་ཁྲེང་གིས་གསར་འགོད་པར་བཤད་རྒྱུར།  “སྒྲིག་སྲོལ་རྐྱེན་སྲོལ་བཟོས་པ་བརྒྱུད་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་དམིགས་ཡུལ་ནི། ཚད་གཞི་མཐོན་པོ་དང་ཆུ་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་པར་ལས་སྟེགས་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཚན་རིག་ཅན་དང་། མ་ལག་ཅན། དེང་རབས་ཅན་བཅས་ལ་སྐུལ་འདེད་གཏོང་ཆེད་ཡིན”ཟེར།

རིར་འཛེག་པ་དང་། གྲོག་རོང་བརྒྱུད་པ། ནགས་ཚལ་འགྲིམ་པ། ཆུར་བརྒལ་བ་སོགས་རྟ་ཐོག་སྲུང་དམག་ཁག་གཅིག་ཡོད་པ་དག་ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་རྫ་ཆུའི་རོང་ཆེན་དུ་སྐོར་གཡེང་གི་ལས་ཀ་སྒྲུབ་བཞིན་ཡོད།

ད་ལོའི་ཟླ་གསུམ་པའི་ཚུན་དུ་རྣམ་སྲས་ཡུལ་ཚོ་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱིས་ཁག་བགོས་ཏེ་ཁོངས་གཏོགས་ས་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པ1500ལྷག་སྒྲིག་འཛུགས་བྱས་ནས། རྫ་ཆུ་རྒྱུག་ཁུལ་དུ་ལྐོག་རྔོན་བཀག་འགོག་གི་སྐོར་སྲུང་གྲལ་བཤེར་ལས་དོན་སྤེལ་ཏེ་གྲུབ་འབྲས་བླངས་ཡོད།

“ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དེ་སྐྱེ་ཁམས་དམངས་ཕན་དང་ཁ་འབྲལ་ཐབས་མེད”།  ཧོ་བན་ཁྲེང་གིས་གསར་འགོད་པར་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་བའི་ཐོག་མའི་དུས་སུ། ཁུལ་དེར་མི་གྲངས་ཁྲི་དྲུག་སྟོང་ལྔ་ཡོད་པའི་ནང་མི་གྲངས་དབུལ་པོ་ཁྲི་གཉིས་སྟོང་བཞི་ཡོད། མི་གྲངས་དབུལ་པོ་འཚོ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་ཡོང་ཁུངས་སྣ་གཅིག་ཡིན་པ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། སྤྱི་པའི་ཞབས་ཞུ་རྗེས་ལུས་ཡིན་པ་རེད།

སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འབྲེལ་བ་དོ་སྙོམས་ཇི་ལྟར་ཡོང་བར་བྱེད་དགོས་ཟེར་ན།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་ལྟ་སྲུང་སྤྱི་ཕན་ལས་གནས་ཀྱི་རྐྱེན་སྲོལ་འཚོལ་ཞིབ་བྱེད་པ་དང་། ཟླ་རེ་བཞིན་གླ་ཕོགས་སྤྲོད་པ། ལོ་མཇུག་ཏུ་དཔྱད་ཞིབ་བྱེད་པ། བབ་བསྟུན་དོ་དམ་བྱེད་པ་མ་ཟད། ད་དུང་གནད་འཁེལ་དབུལ་ཐར་གྱི་རྩ་དོན་ཡང་དོན་འཁྱོལ་བྱེད་དགོས།  སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་ཁྲོད་ཀྱི་མང་ཆེ་བ་ཞིག་ས་གནས་དེ་གའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཡིན་པ་དང་། “རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ནན་མོ་དང་རྒྱུན་མཐུད་བེད་སྤྱོད་ཡོང་བར་བྱེད་དགོས། དེའི་ནང་དོན་གཙོ་བོ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས”ཞེས་ཧོ་བན་ཁྲེང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

མིག་སྔའི་བར་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་ཐོག་བསྐྱོད་ཅིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཡོད། ནོར་སྲིད་ལ་དཀའ་ཁག་ཆེ་བའི་གནས་ཚུལ་འོག མཚོ་སྔོན་གྱིས་ཕྱོགས་སོ་སོ་ནས་མ་དངུལ་གྲབས་གསོག་བྱས་ཏེ། ལོ་ངོ་གསུམ་གྱི་རིང་ཁྱོན་སྡོམ་སྒོར་དུང་ཕྱུར5ལྷག་བཏང་ནས་སྐྱེ་ཁམས་ལྟ་སྲུང་པའི་ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་ཡོད།

སྐྱེ་ཁམས་ལྟ་སྲུང་པ་ནོར་བུ་བསམ་གྲུབ་ཀྱི་དོ་དམ་བྱེད་ཁོངས་ནི་མཚོ་བོད་གཞུང་ལམ་ཉེ་འགྲམ་གྱི་བ་ཡན་མདུང་རྩེ་ཡིན་ཞིང་། དབྱར་སྟོད་ནི་རི་སྐྱེས་སྲོག་ཆགས་གནས་སྤོ་བྱེད་པའི་དུས་ཚིགས་ཡིན་པ་དང་།  ནོར་བུ་བསམ་གྲུབ་སྐོར་སྲུང་བྱེད་པར་སྐྱོད་སྐབས་འབྲོང་30ལྷག་ཡོད་པའི་འབྲོང་ཁྱུ་ཞིག་དང་འཕྲད། “གཞུང་ལམ་དང་བར་ཐག་ཧ་ཅང་ཉེ་བའི་རྩྭ་ཐང་དུ་རི་སྐྱེས་སྲོག་ཆགས་ཕར་འགྲོ་ཚུར་འོང་བྱེད་པ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད”

“ད་ལྟ་འབྲོག་པ་ཚོ་རིམ་བཞིན་རྩྭ་ཐང་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་མཁན་དང་ཁེ་སྤོགས་མཉམ་སྤྱོད་བྱེད་མཁན་དུ་འགྱུར་བཞིན་ཡོད”།

ཧོ་བན་ཁྲེང་གིས་བཤད་རྒྱུར། “རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་མིའི་གནད་དོན་ཐག་གཅོད་བྱེད་དགོས། ཕྱོགས་ཁག་གི་ཐོབ་ཚོར་ཆེ་རུ་བཏང་སྟེ་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཀྱི་ཁེ་ཕན་ཐོབ་ཡུལ་དུ་གྱུར་ཚེ། ད་གཟོད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་གནས་སྒུལ་ཤུགས་འཕེལ་ཐུབ” ཟེར།

ལོ་ཙཱ།སྒྲོལ་མ་སྐྱིད།