རྩྭ་ཐང་ནི་མདོ་དབུས་མཐོ་སྒང་གི་ཆེས་མཛེས་པའི་མཚོན་རྟགས་ཤིག་ཡིན།
2020.08.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

 རྩྭ་ཐང་ནི་མདོ་དབུས་མཐོ་སྒང་དང་ཐ་ན་རྒྱལ་ཡོངས་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན་པ་དང་ཆབས་ཅིག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་རོང་འབྲོག་མང་ཚོགས་མི་རབས་ནས་མི་རབས་བར་འཚོ་སྡོད་ཀྱི་ཁྱིམ་གཞིས་དང་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན།

མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་བའི་སྐམ་སའི་སྐྱེ་ཁམས་མ་ལག་ཅིག་ཡིན་པའི་ཆ་ནས།  རྩྭ་ཐང་ནི་འཛམ་གླིང་སྟེང་གཏོར་བརླག་དེ་འདྲ་ཐེབས་མེད་པའི་གཉུག་གནས་རྩྭ་ཐང་ཞིག་ཡིན་ལ། དེ་ལ་རླུང་འགོག་བྱེ་འཇགས་དང་ལྟག་ཆུ་བསྐྱིལ་གསོག་གི་སྐྱེ་ཁམས་བྱེད་ནུས་ལྡན་པར་མ་ཟད། གནམ་གཤིས་སྙོམས་སྒྲིག་དང་མཁའ་དབུགས་གཙང་བཟོ་ཡི་ནུས་པའང་ཐོན་གྱིན་ཡོད།

མཚོ་སྔོན་གྱི་ཕྱུགས་ལས་ས་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་གཞི་ཁྱོན་གྱི་བརྒྱ་ཆའི་གོ་དྲུག་ཟིན་ལ། ས་ཁུལ་མང་ཆེ་བ་མཚོ་ངོས་ལས་མཐོ་ཚད་མུས་སུམ་སྟོང་ཡན་དུ་ཡོད་པས། རང་བྱུང་ཁོར་ཡུག་ཧ་ཅང་སྡུག  ཞིང་ཆེན་ཡོངས་སུ་རང་བྱུང་རྩྭ་ས་སྤྱི་ཆིང་བྱེ་བ་བཞི་ས་ཡ་གཅིག་འབུམ་བརྒྱད་ཁྲི་བདུན་ཡོད་པ་དེས།  ས་ཆའི་སྤྱིའི་གཞི་ཁྱོན་གྱི་བརྒྱ་ཆའི་དྲུག་ཅུ་ལྷག་ཟིན་པ་དང་། རྒྱལ་ཡོངས་རྩྭ་སའི་གཞི་ཁྱོན་གྱི་བརྒྱ་ཆའི་བཅུ་ཙམ་ཟིན་ཡོད།

དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བདུན་ཅུ་བའི་བར། མདོ་དབུས་མཐོ་སྒང་གི་རྩྭ་ས་རིམ་བཞིན་ཉམས་ཞན་དུ་གྱུར། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་ས་ནག་ཐང་སོགས་ཉམས་ཞན་དུ་གྱུར་བའི་རྩྭ་ས་བཅོས་སྐྱོང་བྱེད་པར་ཞིབ་འཇུག་བྱེད་མགོ་བརྩམས་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ཐོག་མར་ཚོད་ལྟ་དཔེ་སྟོན་བྱས་ཤིང་།  ས་གནས་དེར་སྐྱེས་པར་འཚམ་པའི་སྤུས་ལེགས་ཕྱུགས་རྩྭ་དང་།  རྩྭ་ཁ་རེས་སྐོར། ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས། ལོ་ངོ་བཅུ་ལྷག་གི་རིང་ལ་བཅོས་སྐྱོང་བྱས་བ་བརྒྱུད། ས་ནག་ཐང་གི་སྔོ་ཁེབས་ཀྱི་ཚད་མངོན་གསལ་སྒོས་འཕར་སྣོན་བྱུང་བ་དང་། མི་བཟོས་རྩྭ་ས་སྤྱི་ཆིང་སྟོང་བཞི་བསྐྲུན་ཏེ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་བཞི་བཅུ་ནས་བརྒྱ་ཆའི་ང་བདུན་ལྷག་ཏུ་ཇེ་མཐོར་སོང་བ་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་བཟང་དུ་འགྲོ་བ་མངོན་འགྱུར་བྱུང་།

ཉེ་བའི་ལོ་འགའི་རིང་ལ།  མཚོ་སྔོན་ཞིང་ཆེན་གྱིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཤུགས་ཆེན་པོས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་སྤེལ་བ་དང་། སྔ་གཞུག་ཏུ་ཕྱུགས་སྐྱུར་རྩྭ་འདེབས་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། མདོ་ལ་རི་བོའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། ཉམས་ཞན་དུ་གྱུར་བའི་རྩྭ་ས་སླར་གསོ་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་བ་མ་ཟད། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་རྐྱེན་སྲོལ་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས།

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་རིམ་བསགས་ཀྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་བཏང་ཏེ། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་ས་སྤྱི་ཆིང་ས་ཡ་གསུམ་འབུམ་དགུ་ཁྲི་བདུན་དང་། ས་ནག་ཐང་སྤྱི་ཆིང་འབུམ་ལྔ་ཁྲི་བཞི་སྟོང་བདུན། བྱེ་འགྱུར་རྩྭ་ས་སྤྱི་ཆིང་ཁྲི་གསུམ་སྟོང་བརྒྱད་བཅོས་སྐྱོང་བྱས་པ་དང་། རྩྭ་བཀག་དང་རྩྭ་ཁ་རེས་སྐོར་གྱི་རྩྭ་ར་སྤྱི་ཆིང་ས་ཡ་གསུམ་འབུམ་བཞི་ཁྲི་གཅིག་བསྐོར། རིམ་བསགས་ཀྱིས་ཁ་གསབ་བྱ་དགའི་མ་དངུལ་དང་བྱས་འབྲས་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་སོ་དྲུག་ལྷག་བཏང་ཏེ། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་བྱེ་བ་གཅིག་ས་ཡ་དྲུག་འབུམ་གསུམ་ཁྲི་བཞིར་ཕྱུགས་བཀག་ཁ་གསབ་ལག་བསྟར་བྱས་པ་དང་། རྩྭ་ས་སྤྱི་ཆིང་བྱེ་བ་གཅིག་ས་ཡ་ལྔ་འབུམ་གཉིས་ཁྲི་བདུན་ལ་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའ་ལག་བསྟར་བྱས། 《མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས》བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་། 《ཞིང་ཆེན་ཡོངས་ཀྱི་རྩྭ་ས་འགན་གཙང་ལེན་བདག་གཉེར་དབང་ཆའི་འཁོར་རྒྱུགས་བྱ་བ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གཏན་འཁེལ་འགྲེམ་སྤེལ་བྱས་ཤིང་། རྩྭ་དཔོན་ལམ་ལུགས་ཚོད་ལྟ་འཚོལ་ཞིབ་བྱས་ནས་སྤེལ།

རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབ་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱ་བ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ཏེ། ཕན་འབྲས་མངོན་གསལ་བླངས་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ།  ས་ཁུལ་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བཅས་ལ་ནུས་པ་གལ་ཆེན་བཏོན།

རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་བཟང་དུ་གྱུར་ཏེ། ཐོག་མའི་བཀག་སྡོམ་ནས་རིམ་བཞིན་ཇེ་བཟང་དུ་འགྲོ་བའི་རྣམ་པ་མངོན་ཡོད། 2019ལོའི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ང་བདུན་ལྷག་ཡིན་པ་དེ། 2015ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་ཐིག་གསུམ་དང་གྲངས་ཆུང་དྲུག་གཉིས་ཇེ་མཐོར་སོང་།  རྩྭ་ས་མུའུ་རེའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་སྤྱི་རྒྱ་ཆིག་བརྒྱ་གོ་ལྔ་ཡིན་པ་དེ། 2015ལོ་དང་བསྡུར་ན་སྤྱི་རྒྱ་ཉེར་ལྔ་ཇེ་མཐོར་སོང་ཡོད། ཚད་བརྒལ་ངང་ཕྱུགས་འཚོས་ཚད་དེ2010ལོའི་བརྒྱ་ཆའི་སོ་ལྔ་ལྷག་ནས་བརྒྱ་ཆའི་གསུམ་ལྷག་ཏུ་ཇེ་དམར་སོང་ནས་རྩྭ་ཕྱུགས་དོ་སྙོམས་ཀྱི་གནས་བབ་མངོན་འགྱུར་བྱུང་། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་སའི་གཞི་ཁྱོན་དེ་ཆེས་མཐོ་བའི་སྐབས་ཀྱི་སྤྱི་ཆིང་ས་ཡ་དགུ་འབུམ་ལྔ་ཁྲི་གསུམ་ལྷག་ནས2019ལོའི་སྤྱི་ཆིང་འབུམ་ལྔ་ཁྲི་བདུན་ལྷག་ཏུ་མར་བབས།

ལྟག་ཆུ་བསྐྱིལ་གསོག་གི་ནུས་པ་ཇེ་མཐོར་སོང་ནས། གཙང་གསུམ་འབྱུང་ཡུལ་གྱི་ལྷག་ཆུ་བསྐྱིལ་གསོག་གི་ཚད་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཉིས་བརྒྱ་བཅུ་གཅིག་ལས་བརྒལ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཚད་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ང་དགུ་ལྷག་འཕར་སྣོན་བྱུང་ཏེ། གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན།

སྐྱེ་ཁམས་སླར་གསོ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་བྱུང་ཏེ། བཅོས་སྐྱོང་མ་བྱས་སྔོན་གྱི་སྣ་དྲུག་ནས་སྣ་བཅོ་ལྔ་ཡན་ཏུ་ཇེ་མང་ལ་སོང་།  གཙོད་དང་ རྐྱང་། གནའ། འབྲོང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་སོང་བ་དང་། འཚོ་སྡོད་ཀྱི་ཁྱབ་ཁོངས་རིམ་བཞིན་ཇེ་ཆེར་གྱུར་ཞིང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་ལེགས་པོ་ཐོབ།

འབྲོག་པ་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གྱུར། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི2010ལོའི་འབྲོག་པ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་བཞི་ཉིས་བརྒྱ་ཡིན་པ་དང་། 2019ལོར་འབྲོག་པ་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་གཅིག་ལྔ་བརྒྱ་ང་དྲུག་ཏུ་བསླེབས་ཏེ། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་སྟོང་གསུམ་གྱིས་གཏན་སྡོད་སྲིད་ཇུས་ལོངས་སུ་སྤྱད་ཅིང་། འབྲོག་པ་མང་ཚོགས་འབུམ་ལྔ་ཁྲི་གསུམ་རྫོང་མཁར་དུ་གཏན་སྡོད་བྱས་ཏེ། གཏན་སྡོད་སྡོད་ཁུལ་ཆིག་བརྒྱ་དོན་གསུམ་གྲུབ་པ་དང་།  འབྲོག་པ་མང་ཚོགས་ཁྲི་དྲུག་ལྷག་གིས་སྦྲ་གུར་གསར་བ་སྤྱོད་ཐུབ་པ་བྱུང་།

རྩྭ་སའི་དོ་དམ་ཆུ་ཚད་ཇེ་མཐོར་སོང་།  རྩྭ་ཐང་ནི་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཁྲོད། ལྗང་མདོག་སྐྱེ་དངོས་ཀྱི་ཁེབས་རྒྱ་ཆེས་ཆེ་ཞིང་། གྲངས་ཀ་ཆེས་མང་བ་བཅས་ཀྱི་རང་བྱུང་ཐོན་ཁུངས་ཤིག་ཡིན་ལ། མཐོ་སྒང་གི་སྐྱེ་ཁམས་མ་ལག་དོ་སྙོམས་ལ་རག་ལས་པའི་སྐྱེ་ཁམས་ཀྱི་ཡན་ལག་མ་ལག་གལ་ཆེན་ཞིག་ཡིན་པར་མ་ཟད།  རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་འཚོ་སྡོད་དང་འཕེལ་རྒྱས་ལ་འབྲེལ་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན།

རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་རོལ་གྱིན་པའི་གདུགས་དཀར་སྐྱིད་ཚང་གི་ཁྱིམ་མི་གང་བོ་མི་རབས་ནས་མི་རབས་བར་རྩྭ་ཐང་དུ་བསྡད་ཡོད། རྩྭ་ཐང་ནི་ངའི་ཁྱིམ་ཡིན་ལ། དེས་ང་ལ་འཚོ་སྡོད་ཀྱི་ཁྱིམ་གཞིས་འདོན་སྤྲོད་བྱས་ཤིང་། ང་ཚོའི་འཚོ་རྟེན་ཏུ་གྱུར་བའི་ནོར་ལུག་གསོ་སྐྱོང་བྱས་པས།  ཁ་རྒྱབ་དང་འགྲོ་འདུག་ཉལ་འཆག་རྩྭ་ཐང་དང་འབྲལ་ཐབས་མེད། ངས་རྩྭ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱས་ནས་ཁེ་ཕན་གྱི་ཆེད་དུ་རྩྭ་ཐང་ལ་གཏོར་བརླག་གཏན་ནས་གཏོང་མི་སྲིད་ཅེས་གདུགས་དཀར་སྐྱིད་ཀྱིས་དེ་ལྟར་བཤད་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས1955ལོ་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་མགོ་བརྩམས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་། མཚོ་སྔོན་གྱི་ཕྱུགས་ལས་ས་ཁུལ་དུ་རྩྭ་ས་འགན་གཙང་ལེན་ལམ་ལུགས་ལག་བསྟར་བྱེད་མགོ་བརྩམས་པ་དེས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་རྩྭ་ས་སྲུང་སྐྱོབ་དང་ཕྱུགས་ཟོག་གཉེར་སྐྱོང་གི་བརྩོན་སེམས་ཆེས་ཆེར་སྐུལ་སྤེལ་བྱས་ཤིང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ལ་འཕེལ་རྒྱས་མངོན་གསལ་བྱུང་། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་འགན་གཙང་ལེན་བདག་གཉེར་ལམ་ལུགས་དང་རྩྭ་སའི་འགན་གཙང་ལེན་བདག་གཉེར་དབང་ཆའི་འཁོར་རྒྱུགས་དོ་དམ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ཏེ། འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ནས་སོན་འདྲེན་དང་འདུལ་སྦྱོང་། ཚན་རྩལ་མཁྲེགས་གཏོར་སོགས་ཀྱི་ཚོད་ལྟའི་ཞིབ་འཇུག་བྱ་བ་སྤེལ་བ་དང་། སྤུས་ལེགས་ཕྱུགས་རྩྭ་གསོ་སྐྱོང་བྱེད་པ། རྒྱུད་བཟང་གསོ་སྤེལ་རྟེན་གཞི་འཛུགས་པ་བཅས་བྱས་ཏེ། རྩྭ་སོན་འདེམ་གསོ་ཁྱབ་སྤེལ་གྱི་ཚན་རྩལ་ལས་དོན་ཇེ་མགྱོགས་སུ་བཏང་། ཁྲིམས་བསྟར་ལྟ་སྐུལ་ཇེ་དྲག་ཏུ་བཏང་ཏེ། ཁྲིམས་ལྟར་གང་བྱུང་དུ་རྐོ་སློག་དང་རྩྭ་ས་བདག་བཟུང་སོགས་ཀྱི་ཁྲིམས་འགལ་བྱ་འགུལ་ལ་རྡུང་རྡེག་བཏང་ཞིང་། རྩྭ་ས་སྲུང་སྐྱོབ་ཀྱི་དོ་དམ་དང་ལྟ་སྐུལ་བྱེད་ཐབས་ཇེ་དྲག་ཏུ་བཏང་། དུས་བཅད་ལྟར་རྩྭ་སའི་ཐོན་ཁུངས་ལ་རྟོག་ཞིབ་དང་། རྩྭ་སའི་ཐོན་ཁུངས་ཀྱི་འགུལ་རྣམ་འགྱུར་ལྡོག་ལ་རྒྱུས་ལོན་བྱས་ནས། རྩྭ་སའི་གཞི་གྲངས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་། རྩྭ་སའི་ཞིབ་ཕྲ་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་།

ད་ལྟ། མཚོ་སྔོན་ཞིང་ཆེན་གྱིས་ལོ་ངོ་དུ་མའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་བཟོ་སྐྲུན་སྣ་ཚོགས་ལག་བསྟར་བྱས་པ་བརྒྱུད། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་བཟང་དུ་སོང་བ་དང་། རྩྭ་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་གྲུབ་འབྲས་མངོན་གསལ་དུ་གྱུར་ཏེ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་སྡུག་ཏུ་འགྲོ་བའི་གནས་བབ་རིམ་བཞིན་བཀག་འགོག་བྱས། ལོ་མང་སྐྱེས་བའི་རྩི་ཤིང་རིགས་ཀྱི་ཁེབས་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་བ་དང་།  རྩྭ་སའི་གནོན་ཤུགས་གྱི་སྟོན་གྲངས་མངོན་གསལ་སྒོས་ཇེ་དམའ་རུ་སོང་ནས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་བཟང་བོ་བླངས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གྱུར་བ་དེས་རྩྭ་སའི་རྒྱུན་མཐུད་འཕེལ་རྒྱས་ལ་རྨང་གཞི་ལེགས་པོ་བཏིང་བ་དང་། རྩྭ་ཐང་གི་བུ་རབས་ཚ་རྒྱུད་ལ་རི་སྔོ་ཆུ་དྭངས་ཀྱི་ཁྱིམ་གཞིས་ལེགས་པོ་བསྐྲུན།

རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་།

རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་གཏོང་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད།

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། བཟོ་སྐྲུན་བྱེད་ཐབས་དང་རང་བྱུང་སླར་གསོ་ཕན་ཚུན་ཟུང་འབྲེལ་དང་། འགག་གནད་སྒྲོལ་བ་དང་ངོས་ཐད་བཅོས་སྐྱོང་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་ཕྱུགས་སྐྱུར་རྩྭ་འདེབས་སོགས་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་གལ་ཆེན་དག་ལག་བསྟར་བཟང་བོ་བྱས་ནས། ཉམས་ཞན་དུ་གྱུར་བའི་རྩྭ་ས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་།  ཁྱོན་ཡོངས་ནས་རྩྭ་བཀག་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ཁྱབ་སྤེལ་དང་། རྩྭ་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ། རྩྭ་སའི་སྐྱེ་ཁམས་ཐོན་རྫས་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་བཏང་ཏེ། རྩྭ་ཐང་སླར་གསོ་དང་རྒྱུན་མཐུད་བེད་སྤྱོད་མངོན་འགྱུར་བྱས། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་འབབ་རྒྱུད། མདོ་ལ་རི་བོའི་འབབ་རྒྱུད་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བཟོ་སྐྲུན་དམ་འཛིན་དང་། ས་ཁུལ་མི་འདྲ་བའི་རྩྭ་སའི་ཐོན་ཁུངས་ཀྱི་སྤུས་ཀ་དང་བྱེད་ནུས་གཏན་འཁེལ་ལྟར། བཅོས་སྐྱོང་བྱེད་ཐབས་མི་འདྲ་བ་སྤྱད་དེ། རྩྭ་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོར་སྐུལ་འདེད་བཏང་ཞིང་། རྩྭ་སའི་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་དང་སྐྱེ་ཁམས་བྱེད་ནུས་ཇེ་མཐོར་བཏང་ནས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་།

ཁོངས་དབང་གསལ་བ་དང་སྲུང་སྐྱོབ་གོ་རིམ་ལྡན་པ། གདེང་འཇོག་ཚན་རིག་དང་མཐན་པ། ལྟ་སྐལ་དོ་དམ་དོན་འཁྱོལ་བཅས་ཀྱི་རྩྭ་སའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ཁྱོན་ཡོངས་ནས་བཙུགས། དམངས་ཡོངས་ལ་དབང་བའི་རྩྭ་སའི་ཐོན་ཁུངས་རིམ་བགོས་བཀོལ་སྤྱོད་བདག་དབང་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། དམངས་ཡོངས་ལ་དབང་བའི་རྩྭ་སའི་ཐོན་ཁུངས་སྐྱིན་ཚབ་ཡོད་པའི་བཀོལ་སྤྱོད་ལམ་ལུགས་འཚོལ་ཞིབ་བྱས། རྩྭ་སའི་སྐྱེ་ཁམས་བར་སྟོང་སྤྱོད་སྒོའི་དོ་དམ་ལམ་ལུགས་དང་གཞི་རྩའི་རྩྭ་ས་སྲུང་སྐྱོབ་ལམ་ལུགས། རྩྭ་སའི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་བཅས་བཙུགས། རྩྭ་སའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ཉེན་བརྡའི་ལམ་ལུགས་དང་། རྩྭ་སའི་ཐེག་ནུས་ལྟ་ཞིབ་ཚད་ལེན་ཉེན་བརྡའི་རྐྱེན་སྲོལ། རྩྭ་སའི་སྐྱེ་ཁམས་རིན་ཐང་དཔྱད་འཇོག་ལམ་ལུགས་བཅས་བཙུགས། རྩྭ་བཀག་དང་རྩྭ་ཁ་རེས་སྐོར། རྩྭ་ཕྱུགས་དོ་སྙོམས་བཅས་ཀྱི་ལམ་ལུགས་དང་། རྩྭ་སའི་རང་བྱུང་སྤྱི་གླིང་གི་སྒྲིག་སྲོལ་བཙུགས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་དཔྱད་འཇོག་དང་སྐྱིན་ཚབ་ལམ་ལུགས་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྲུབ་འབྲས་ཀྱི་དཔྱད་འཇོག་ལམ་ལུགས་བཙུགས།

མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་རྩྭ་ཐང་ཁྲུའུ་ཡི་མགོ་གཙོ་ཚེ་ཕིས་ཡུན་གྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་ཟིན། རེ་བ་ནི་སྤྱི་ཚོགས་ཡོངས་ཀྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྔར་ལས་ལྷག་པར་དོ་སྣང་བྱས་ཏེ། རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། དེ་དང་ཆབས་ཅིག  ཤུགས་ཆེན་པོས་ཕུལ་དུ་བྱུང་བའི་རྩྭ་སའི་སྐྱེ་ཁམས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་རང་རྟོགས་སྒོས་རྩྭ་ས་སྲུང་སྐྱོབ་བྱེད་པའི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱེད་དགོས་ཟེར།

ལོ་ཙཱ། སྒྲོལ་མ་སྐྱིད།