རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཉེ་ལམ་ཁྲི་ལི་ཐང་སོགས་རྒྱལ་ཁབ་ཀྱི་རྩྭ་ཐང་རང་བྱུང་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་གྱི་སྐོར་ཁག་དང་པོའི་མིང་ཐོ39ཁྱབ་སྒྲོག་བྱས་ནས་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་བསྐྲུན་པའི་ལས་འགོ་དངོས་སུ་ཚུགས་པ་དང་ཆབས་ཅིག་ཏུ་བྱུང་བའི་རྩྭ་ཐང་སྲུང་སྐྱོབ་དང་བཀོལ་སྤྱོད་ཟུང་འབྲེལ་གྱི་རྣམ་པ་གསར་པ་དེ་ལ་ཕྱོགས་སོ་སོས་དོ་སྣང་ཆེན་པོ་ཐོབ།
རྒྱལ་ཁབ་རྩྭ་ཐང་སྤྱི་གླིང་འཛུགས་སྐྲུན་གྱི་དམིགས་ཡུལ་ཅི་ཡིན་པ་དང་། རྩྭ་ཐང་གི་བྱེད་ནུས་དེ་ཐོན་སྐྱེད་ནས་སྐྱེ་ཁམས་གཙོ་བོར་འཛིན་པའི་ཕྱོགས་སུ་བསྒྱུར་ན་རོང་འབྲོག་མང་ཚོགས་དང་ས་གནས་འཕེལ་རྒྱས་ཀྱི་ཁེ་ཕན་ཅི་ལྟར་འགན་སྲུང་བྱེད་པ། རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་དེ་མ་འོངས་པར་ཇི་ལྟར་བསྐྲུན་པ་སོགས་ཀྱི་ཐད་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་རྟོག་ཞིབ་བྱས་པའི་གནས་ཚུལ་གཤམ་གསལ་ལྟར།
རྩྭ་ཐང་སྲུང་སྐྱོབ་ནི་རྒྱལ་ཁབ་ཀྱི་རྩྭ་ཐང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་གྱི་འོས་འགན་དང་པོ་ཡིན།
རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་རྩྭ་ཐང་དོ་དམ་སིའི་སི་ཀྲང་ཐང་ཧྥང་ལིན་གྱིས་བཤད་རྒྱུར། རྩྭ་ཐང་ནི་རང་རྒྱལ་གྱི་སའི་རྒྱ་ཁྱོན་ཁྲོད་སྐམ་སའི་སྐྱེ་ཁམས་མ་ལག་ཆེ་ཤོས་ཡིན་པས་ཀུན་གྱིས་དེ་ལ་སའི་གོ་ལའི“སྐྱི་པགས”ཞེས་འབོད་ཅིང་། ས་ཆུ་སྲུང་འཛིན་དང་ཆུ་ཁོངས་གསོག་ཉར། ཐཱན་འགོག་དབྱང་འབྱིན། སྐྱེ་དངོས་སྣ་མང་སྲུང་སྐྱོབ་སོགས་ཀྱི་བྱེད་ནུས་མང་པོ་ལྡན་ཕྱིར། རྩྭ་ཐང་དང་ནགས་ཚལ་གཉིས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མེད་དུ་མི་རུང་བ་གཉིས་ཡིན། ལྷག་པར་དུ་རྩྭ་ཐང་ལ་མཚོན་ན་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་དྲོན་མོ་དང་། རྩྭ་ཐང་རིག་གནས་ཀྱི་རྟེན་གཞི་གཙོ་བོར་གྱུར་བའི་ཐོན་སྐྱེད་ཀྱི་རྒྱུ་ཆ་གལ་ཆེན་ཡིན་ལ། དེ་བཞིན་དུ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ། ཡར་ཀླུང་གཙང་པོ། ཧའེ་ལུང་ཅང་སོགས་གཙང་བོ་དང་ཆུ་བོ་ཆེན་པོ་སོགས་ཀྱི་འགོ་ཁུངས་གཙོ་བོ་ཡང་རྩྭ་ཐང་དུ་ཡོད་པ་ལས་རྨ་ཆུའི་ཆུ་འབོར་གྱི80%དང་འབྲི་ཆུའི་ཆུ་འབོར་གྱི30%རྩྭ་ཐང་ནས་ཡོང་བ་ལྟ་བུ་རེད། དེ་མིན་རང་རྒྱལ་གྱི་རྩྭ་ཐང་དུ་ད་དུང་གཟན་རྩྭ་རིགས200ལྷག་དང་། སྨན་རྩྭའི་རིགས6000ལྷག་སྟེ། དབྱར་རྩྭ་དགུན་འབུ་དང་གངས་ལྷ་མེ་ཏོག་སོགས་ རི་སྐྱེས་རྩི་ཤིང་སྣ་ཁྲི་གཅིག་སྟོང་ལྔ་ལྷག་ཡོད་པ་དང་། རྔ་མོང་དང་། འབྲོང་། གཙོད་སོགས་རི་སྐྱེས་སྲོག་ཆགས་རིགས2000ལྷག་གནས་ཡོད།
དུས་ཡུན་རིང་བོར་རྩྭ་ཐང་གི་དོ་དམ་ཕྱོགས་ནས་སྐྱེ་ཁམས་ལས་ཐོན་སྐྱེད་གཙོར་བཟུང་ཡོད་པས་བེད་སྤྱོད་ཚད་ལས་བརྒལ་བའི་ཐོག་གནམ་གཤིས་འགྱུར་ལྡོག་སོགས་རང་བྱུང་གི་གནོད་འཚེ་སྣ་ཚོགས་ཀྱིས་རྩྭ་ཐང་མང་ཆེ་བ་ཞིག་རྩྭ་ཆུ་ཉམས་ནས་བྱེ་ས་དང་བ་ཚྭ་ཅན་དུ་འགྱུར་བའི་སྣང་ཚུལ་བྱུང་། གནས་ཚུལ་དེར་གཞིགས་ནས་རྩྭ་ས་སྲུང་སྐྱོབ་དང་བེད་སྤྱོད་གཉིས་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱ་རྒྱུ་དེ་གལ་འགངས་ཆེ་བའི་དོན་དག་ཉག་ཅིག་ཏུ་གྱུར། ཉེ་བའི་ལོ་ཤས་རིང་ལ་རྒྱལ་ཁབ་ཀྱིས་རྩྭ་ཐང་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ཕྱུགས་འཚོ་མི་ཆོག་པ་དང་ཕྱུག་འཚོ་མཚམས་བཞག་ཏེ། རྩྭ་ཕྱུགས་དོ་མཉམ་ཡོང་བའི་ཐད་ནོར་སྲིད་ནས་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་པས་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་ལ་ཕན་ཅུང་ཙམ་རེ་ཐོགས་ཡོད་ན་ཡང་སྤྱི་ཡོངས་ལ་བལྟས་ཚེ་ཉམས་ཞན་གྱི་ཆ་སྔར་བཞིན་ཆེ་ཟེར།
ཐང་ཧྥང་ལིན་གྱིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པ་ནི་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་གྱི་རྩ་བའི་རྩ་དོན་ཡིན། རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་བཙུགས་རྗེས་སྲུང་སྐྱོབ་དང་ཉམས་གསོ་ཐད་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་མ་ཟད། རྩྭ་ཐང་སྲུང་སྐྱོབ་བཟང་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱུན་མཐུད་རང་བཞིན་གྱི་བེད་སྤྱོད་བྱེད་སྒོ་འོས་འཚམ་རེ་སྤེལ་ཆོག་མོད། འོན་ཀྱང་ས་ཁོངས་དེ་ནས་གང་བྱུང་དུ་རི་དྭགས་ལྐོག་རྔོན་དང་། ས་རྐོ་རྡོ་སློག གང་འདོད་དུ་ཁྲལ་བསྡུ་བདག་བཟུང་སོགས་རྩྭ་ཐང་ལ་གནོད་པའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ་ཡིན་ཟེར།
རྩྭ་ཐང་གི་བྱེད་ནུས་དེ་ཐོན་སྐྱེད་ནས་སྐྱེ་ཁམས་སུ་བསྒྱུར་དགོས་ན་རོང་འབྲོག་མང་ཚོགས་དང་ས་གནས་ཀྱི་རྒྱབ་སྐྱོར་ཇི་ལྟར་བྱས་ནས་འཐོབ་དགོས།
རྟོག་ཞིབ་ཁྲོད་རྒྱུས་ལོན་བྱུང་བ་ནི། རྒྱལ་ཁབ་ཀྱི་རྩྭ་ཐང་རང་བྱུང་སྤྱི་གླིང་བཙུགས་རྗེས་དེ་གར་ཕྱུགས་འཚོ་ཆོག་མིན་དང་། སྐྱེ་ཁམས་ཡུལ་སྐོར་སྤེལ་ཆོག་མིན། རྩྭ་ལས་དང་སྐྱེ་ཁམས་ཐོན་རྫས་ལ་ཚད་བཀག་ཐེབས་མིན་སོགས་ཀྱི་ཐད་ནས་ས་གནས་ཁག་ལ་སེམས་ཁྲལ་མི་ཉུང་ཞིག་བསླངས་ཡོད་པས། ས་གནས་དེ་དག་ཏུ་སྤྱི་གླིང་འཛུགས་སྐྲུན་བྱ་བར་ཤུགས་རྐྱེན་ཐེབས་ངེས།
རྩྭ་ཐང་རང་བྱུང་སྤྱི་གླིང་ནི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཁྱད་ཆོས་ཅུང་མངོན་གསལ་ལྡན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་ལུགས་མཐུན་བཀོལ་སྤྱོད་ཀྱི་དཔེ་སྟོན་རིན་ཐང་ལྡན་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རིག་ལྟར་བེད་སྤྱོད་གཏང་རུང་བའི་མ་དཔེ་བཟོ་རྒྱུ་བཅས་དམིགས་སུ་འཛིན་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་ཚན་ཞིབ་ལྟ་སྐུལ། དྲིལ་སྒྲོག་དང་སློབ་གསོ། འགྲེམ་སྟོན་སོགས་ཀྱི་བྱེད་ནུས་ཚང་བའི་དམིགས་བསལ་ཁྱབ་ཁོངས་ཞིག་ཡིན། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་རྩྭ་ཐང་དོ་དམ་སིའི་གསར་སྤེལ་བཀོལ་སྤྱོད་ལྟ་རྟོག་ཁྲུའུ་ཡི་ཁྲུའུ་ཀྲང་ཧན་ཧྥེང་ཙེ་ཡིས་བཤད་རྒྱུར། གསལ་བོར་བཤད་ན། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བཟང་པོ་ཡི་སྔོན་འགྲོའི་འོག རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་ཕྱོགས་ནས་རྩྭ་ཐང་གི་དོ་དམ་དང་ཐོན་ཁུངས་བེད་སྤྱོད་ཀྱི་ཆ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱེད་ཐབས་ཤིག་འཚོལ་ཞིབ་བྱས་ནས། སྤྱི་གླིང་གི་ནང་དུ་རྩྭ་ཕྱུགས་དོ་མཉམ་གྱི་རྨང་གཞིའི་སྟེང་འོས་འཚམ་སྒོས་ཕྱུགས་འཚོ་སྐྱོང་བྱ་ཆོག་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་རྩྭ་ཐང་མི་རིགས་ཀྱི་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་ས་སོགས་བྱེད་སྒོ་འོས་འཚམ་རེ་སྤེལ་ཆོག་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་དང་། སླར་གསོ། ཚན་ཞིབ། ཡུལ་སྐོར་ལྗོངས་གཟིགས། སྤྲོ་གསེང་སོགས་སྣེ་ལེན་ཞབས་ཞུ་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་དེ་འདྲ་ཞིག་ལ་ཟེར་བ་ཡིན།
པེ་ཅིན་ནགས་ལས་སློབ་ཆེན་དང་རྩྭ་ཐང་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཏུང་ཧྲི་ཁུའེ་ཡིས་བཤད་རྒྱུར། རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་གྱིས་ས་གནས་དེ་དག་གི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་མི་སྲིད་དེ། སྤྱི་གླིང་འཛུགས་སྐྲུན་ལ་རྩྭ་ཐང་གི་རྒྱ་ཁྱོན་ཐད་ནས་ཆ་རྐྱེན་བཏོན་ཡོད་པ་མ་གཏོགས། ས་ཆ་སྤྱོད་དབང་ལ་རྩོད་གཞི་མེད་པ་དང་། རང་བྱུང་སྲུང་སྐྱོབ་བྱེད་ས་གཞན་དག་དང་བསྐྱར་བཟློས་མི་བྱེད་པའི་བླང་བྱ་དང་འབྲེལ་ཡོད་ཁེ་དབང་འཛིན་མཁན་ཕྱོགས་ཀྱི་འདུན་པ་དང་རེ་བ་ལྟར། ཅི་ནུས་སྒོས་འཚོ་སྡོད་རོང་འབྲོག་མང་ཚོགས་དང་འབྲེལ་བའི་ཁེ་ཕན་འཐོབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་གང་ལེགས་བྱ་དགོས”ཟེར།
ཁོས་བཤད་རྒྱུར།“རོང་འབྲོག་མང་ཚོགས་ནི་རྩྭ་ཐང་ལ་བརྩེ་བ་ཟབ་ཅིང་རྩྭ་ཐང་ལ་རྒྱུས་མངའ་ཆེ་བ་ཡིན། ད་ལྟ་རོང་འབྲོག་མང་ཚོགས་མང་ཆེ་བ་ཞིག་ལ་མཚོན་ན་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཉམས་ཞན་གྱི་འབྱུང་རྩ་ནི་བཀོལ་སྤྱོད་ཚད་ལས་བརྒལ་བ་ལས་བྱུང་བ་དང་། ཡུན་རིང་བོར་རྒྱུན་བསྐྱངས་ན་གནོད་པ་ཆེ་ཚུལ་དང་། ཕྱུགས་འོས་འཚམ་རེ་འཚོ་སྐྱོང་དང་ཤ་དང་འོ་མའི་ཐོན་རྫས་སྤུས་ལེགས་རེ་བཟོ་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་དར་སྤེལ་བཏང་ནས་རང་བྱུང་ལ་མྱོང་རོལ་བྱེད་དུ་འཇུག་ཐུབ་ན་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་རག་ཐུབ་པ་གསལ་པོར་ཤེས་ཡོད། སྤྱི་གླིང་ལ་མཚོན་ན་ཡང་སྤུས་ལེགས་པའི་རྩྭ་ཕྱུགས་ཀྱི་ཐོན་རྫས་གསར་སྤེལ་ལས་གཞན། སྐྱེ་ཁམས་གསོ་སྐྱོང་དང་། ཡུལ་སྐོར་ལྗོངས་གཟིགས། ཚན་རིག་དང་མཐུན་པའི་བེད་སྤྱོད་ཀྱི་དཔེ་སྟོན་སོགས་བྱེད་ནུས་སྣ་མང་གི་ས་ཁུལ་བསྐྲུན་པ་དང་། འཚོལ་ཞིབ་བྱས་ནས་རོང་འབྲོག་མང་ཚོགས་རྣམས་སྐྱེ་ཁམས་ལྟ་སྲུང་པ་དང་། སྣེ་ཤན་པའི་ལས་ཀར་བཅུག་ནས་ཡོང་སྒོ་འཕར་སྣོན་བྱེད་པར་རམ་འདེགས་བྱ་ཆོག་ཟེར།
པེ་ཅིན་སློབ་ཆེན་གྲོང་ཁྱེར་དང་ཁོར་ཡུག་རིག་པའི་སློབ་གླིང་ཡུལ་སྐོར་ཞིབ་འཇུག་དང་འཆར་འགོད་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཝུའུ་པི་ཧུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་རྩྭ་ཐང་ རང་བྱུང་སྤྱི་གླིང་འཛུགས་དོན་གཙོ་བོ་སྐྱེ་ཁམས་ཡུལ་སྐོར་དར་སྤེལ་གཏོང་ཆེད་མིན་ན་ཡང་། སྐྱེ་ཁམས་ཀྱི་ཐེག་ཚད་དང་། རྒྱ་ཆེའི་མང་ཚོགས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ལྗོངས་གཟིགས་ལ་མྱོང་རོལ་བྱེད་པའི་དགོས་མཁོ་སོགས་ཕྱོགས་བསྡུས་ལ་བསམ་གཞིགས་གཏང་ངེས་ཡིན། ལྷག་པར་རྩྭ་ཐང་རང་བྱུང་སྤྱི་གླིང་མི་ཉུང་བ་ཞིག་སྐྱེ་ཁམས་ཡུལ་སྐོར་འོས་འཚམ་རེ་སྤེལ་བར་ཧ་ཅང་འཚམ། རྩྭ་ཐང་གང་ཡིན་རུང་དེ་ལ་རང་བྱུང་དུ་གྲུབ་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པས། ས་གནས་ཀྱི་ཁྱད་ཆོས་དང་། ཉེ་འཁོར་དུ་ཆགས་པའི་མེ་རི་དང་། ཆུ་ཚན། བྱེ་ཐང་། རིག་གནས་གནའ་ཤུལ་སོགས་ཡུལ་སྐོར་གྱི་ཐོན་རྫས་དང་ཟུང་དུ་སྦྲེལ་ནས་ཚན་ཞིབ་རིག་པ་དང་། རྟ་རྩལ་སོགས་རྩྭ་ཐང་གི་ཁྱད་ཆོས་གཟེངས་སུ་ཐོན་པའི་ཡུལ་སྐོར་མྱོང་རོལ་གྱི་བྱེད་སྒོ་སྤེལ་ན། རྩྭ་ཐང་དུ་སྤྲོ་འཆམ་དང་ཁམས་གསེང་ལ་ཕེབས་མཁན་མི་རྣམས་ཀྱི་རེ་འདུན་ཅི་བཞིན་དུ་བསྐང་ཐུབ་པ་མ་ཟད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་སྐུལ་འཁྲིད་བྱ་ཐུབ་ཟེར།
ལམ་ལུགས་ཀྱིས་འཕེལ་རྒྱས་ལ་འགན་སྲུང་བྱས་ནས་རྩྭ་ཐང་སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན། མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་དགོས།
ཆེད་མཁས་མི་ཉུང་བ་ཞིག་གི་བསམ་ཚུལ་ལྟར་ན། རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་དོ་དམ་བྱེད་ཐབས་སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་མགྱོགས་པོར་བཟོས་ཏེ། རྩྭ་ཐང་རང་བྱུང་སྤྱི་གླིང་འཆར་འགོད་སྒྲིག་ཁོངས་ཐད་ལ་སློབ་སྟོན་བྱ་དགོས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ས་མཚམས་དང་། ལུགས་མཐུན་བེད་སྤྱོད་རུང་བའི་ས་མཚམས། ཐོན་ལས་ཐོན་སྐྱེད་ཆོག་འཐུས་ཀྱི་ཁྱབ་ཁོངས་སོགས་གཏན་འབེབས་བྱས་ནས་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱ་དགོས་ཟེར།
“རྩྭ་ཐང་རང་བྱུང་སྤྱི་གླིང་ནི་རྩྭ་ཐང་གི་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་གསུམ་གྱི་བྱེད་ནུས་བཟང་པོ་འདོན་སྤེལ་ལ་ཕན་པའི་རྟེན་གཞི་ཡིན་པས། སྲུང་སྐྱོབ་ཁོ་ན་མ་ཡིན་པར་བེད་སྤྱོད་ལུགས་མཐུན་དང་འོས་འཚམ་རེ་བྱ་ཆོག་ལ། དེ་ངེས་པར་དུ་གནོད་མེད་ངང་ རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་ཕྱོགས་པ་ཞིག་ཡིན་དགོས།” ཞེས་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཁུང་མེན་རྩད་ཞིབ་ཇུས་འགོད་གླིང་གི་མཐོ་རིམ་བཟོ་སྐྲུན་པ་ལིའུ་ཡོང་ཅའེ་ཡིས་དེ་ལྟར་བཤད་བྱུང་། ཁོས་མུ་མཐུད་དུ་བཤད་རྒྱུར། ཕྱུགས་འཚོ་སྐྱོང་གི་དོ་དམ་བླང་བྱ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྒྱ་ཆེ་ཆུང་། སྐྱེ་ཁམས་ཡུལ་སྐོར་གྱི་རྨང་གཞི་སྒྲིག་ཆས་དང་དེ་བསྟུན་གྱི་སྒྲིག་ཆས་ཆ་ཚང་སྒྲིག་བཀོད་ཀྱི་ཚད་སོགས་ཇི་ལྟར་གཏན་འཁེལ་བྱེད་པ། དེ་མིན་རྩྭ་ཐང་དོ་དམ་དཔུང་སྡེ་འཛུགས་སྐྱོང་སོགས་ནང་དོན་ཇི་ལྟར་གཏན་འབེབས་བྱེད་དགོས་པ་སོགས། རྩེ་གྲས་ཇུས་འགོད་ཀྱི་ནང་དུ་གཏན་འཁེལ་བྱས་ན་ད་གཟོད་གཞི་རིམ་གྱི་སེམས་ཁྲལ་སེལ་ཐུབ་ལ། འཛུགས་སྐྲུན་འགོ་རྩོམ་པ་ནས་ཚད་ལྡན་ཡོང་བར་ཕན་པ་ཆེ་ཟེར།
ཧན་ཧྥེང་ཙེ་ཡིས་བཤད་རྒྱུར། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་མ་དངུལ་དང་། ཚན་ཞིབ་དང་ལྟ་ཞིབ་ཚད་ལེན་གྱི་རྣམ་གྲངས། དེ་མིན་གནོད་འགོག་རྒུད་སེལ་གྱི་མ་དངུལ་སོགས་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་དམིགས་སུ་བཟུང་ནས། མཐུན་སྦྱོར་བྱེད་ཞོར་ས་གནས་ཀྱི་མ་དངུལ་གཏོང་འཇོག་ལ་འཁྲིད་སྟོན་བྱ་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་སྟོབས་ཤུགས་འཛུགས་སྐྲུན་ཁྲོད་ཞུགས་པར་ཡར་སྐུལ་དང་རྒྱབ་སྐྱོར་བྱས་ནས་མ་དངུལ་སུས་བཏང་བ་དང་། འཛུགས་སྐྲུན་སུས་བྱས་པ། ཕན་ཁེ་སུ་ལ་ཐོབ་པ་བཅས་ཀྱི་རྩ་དོན་ལྟར་འཛུགས་སྐྲུན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ལེགས་པོ་བྱ་དགོས་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།