སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བཅངས། མཚོ་སྔོན་གྱི་ཡུལ་ལུང་སྲུང་སྐྱོབ་ཡག་པོ་བྱེད།
2020.09.17 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 18

 2019ལོའི་ཟླ8ཚེས19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་སྟེ། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་དང་དེའི་འདུ་ཤེས། དམིགས་ཡུལ། ནང་དོན་བཅས་རྒྱས་བཤད་གཏིང་ཟབ་གནང་ཡོད། ཡིད་ཆེས་དང་ཆོད་སེམས་བརྟན་པོས་བུ་རབས་ཚ་རྒྱུད་ཀྱི་ཆེད་དང་མ་འོངས་བའི་སྤྱིའི་ཇུས་འགོད་ཀྱི་ཆེད་དུ་འཆར་འགོད་བྱས་པའི་གཙོ་འཛིན་གྱི་བརྩེ་སེམས་མངོན་ཡོད།  བརྩེ་སེམས་ཟབ་མོ་འདིས་མི་རྣམས་ལ་སྐུལ་མ་ཐེབས་ཤིང་མདུན་སྐྱོད་ཀྱི་སྤོབས་པ་བསྩལ་བ་དང་། ང་ཚོར་རྒྱལ་ཁབ་སྤྱི་གླིང་ཡག་པོ་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་བསྲུང་བྱ་མཁོ་འདོན། འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད་པ་རེད།

ལོ་གཅིག་གི་རིང་། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་དམ་པོར་བཅངས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་དང་ཕྱོགས་སོ་སོའི་བློ་གྲོས་གཅིག་བསྡུས་སྒོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། ལྷག་པར་དུ་ད་ལོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་ལས་འགན་སྣ་ཚོགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་གྱི་ལམ་བུ་གསར་པ་ཞིག་ཐོག་མར་ཆགས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གལ་ཆེན་བཏང་ནས་ལོ་གཅིག་ལོན་པའི་སྐབས་འདིར། ང་ཚོས་བཞུགས་མོལ་ཚོགས་འདུ་འཚོགས་ནས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་བསྐྱར་དྲན་དང་ལག་ལེན་གྱི་གྲུབ་འབྲས་ཕྱོགས་བསྡོམས་བྱས། ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཉམས་མྱོང་བརྗེ་རེས་བྱེད་པ། བྱ་ཐབས་ཇུས་འགོད་བྱེད་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་གྱིས་ཁྲིད་སྟོན་གནང་བ་གཞིར་བཟུང་ནས་བློ་རྩ་བརྟན་པོས་མདུན་དུ་བསྐྱོད་པ་དང་། སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་བྱ་སྤྱོད་དང་བྱས་རྗེས་ལ་བརྟེན་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ལ་སྐུལ་སྤེལ་བྱེད་པར་ལེགས་སྐྱེས་སྔར་ལས་མང་པོ་འབུལ་དགོས།

གཅིག་ནས་མིག་རྒྱང་རིང་དུ་བསྐྱེད་དེ་འགན་འཁྲི་དང་ལེན་བྱེད་པར་ཤུགས་རྒྱག་དགོས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ནི་ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་བརྩི་དགོས་ལ། “འདུ་ཤེས་བཞི”དང“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”ལ་ཁག་ཐེག་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱ་དགོས་ལ། སློབ་སྦྱོང་དང་བསམ་གཞིགས་སྤྱོད་གསུམ་མཐུད་པ་དང་། ཤེས་རྟོགས་དང་ཡིད་རྟོན་ཟུང་འབྲེལ་བྱེད་པའི་ཐད་ལ་མུ་མཐུད་དུ་ཤུགས་རྒྱག་པ།  ཕན་འབྲས་དངོས་དོན་གཉེར་བཅས་བྱ་དགོས། “གཙང་གསུམ་འབྱུང་ཡུལ”སྲུང་སྐྱོབ་ཡག་པོ་དང་། “ཀྲུང་ཧྭའི་ཆུ་མཛོད ”སྲུང་སྐྱོབ་ཡག་པོ་བྱེད་པ། “སའི་གོ་ལའི་སྣེ་གསུམ་པ”སྲུང་སྐྱོབ་ཡག་པོ་བྱེད་པ། “སའི་གོ་ལའི་སྲུང་དམག་ཡག་པོ་བྱེད་པ་”བཅས་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་དང་མཚོ་སྔོན་གྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་པ། ལྷག་པར་དུ་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་གྱིས་སྔོག་འདོན་དང་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གཏོང་བའི་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱ་དགོས་ལ། དཀའ་བ་མཉམ་སེལ་དང་འབད་འཐབ་ལྷུར་ལེན་གྱིས་གནད་དོན་བྱུང་རིགས་དམ་འཛིན་ལྷོད་མེད་དང་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་།  གནས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་གཙང་བཤེར་དང་བཅོས་སྒྲིག་ནན་མོ་བྱེད་དགོས། དམིགས་ཡུལ་མ་འགྲུབ་ན་གཏན་ནས་མཚམས་མི་འཇོག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་བློ་བདེ་བ་དང་། ཏང་ཀྲུང་དབྱང་གི་བློ་བདེ་བ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བློ་བདེ་བ་བཅས་ཡོང་རྒྱུར་ཁག་ཐེག་བྱ་དགོས།

གཉིས་ནས་གཙོ་གནད་ལ་དམིགས་པ་དང་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ཞིབ་བསྡུར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི“གོམ་པ་གསུམ་བགྲོད”ཀྱི་དམིགས་འབེན་ལྟར། “ལོ་གསུམ་ལག་ལེན་འཆར་གཞི”ལག་བསྟར་གཏིང་ཟབ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་སྡེབ་སྒྲིག་ལེགས་སྒྱུར་དང་། དོ་དམ་སྒྲིག་སྲོལ་གསར་གཏོད། མ་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དོ་དམ་བྱེད་པར་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཕྱོགས་ལྔའི་ཐད་མུ་མཐུད་དུ་དངོས་གཉེར་གསར་གཏོད་བྱེད་པ་དང་། ཉམས་མྱོང་སྔར་ལས་མང་པོ་གསོག་འཇོག་དང་དཔེ་སྟོན་སྔར་ལས་མང་པོ་ཆགས་པར་བརྩོན་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མིག་དཔེ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། དེང་སྐབས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟ་སྲ་བརྟན་དང་། ཞིབ་བཤེར་རྩིས་ལེན། སྤྱི་གླིང་འཛུགས་པ་བཅས་དུས་མཚམས་ཁག་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་ཡུག་ཁུལ་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་དགོས་ལ།  ལས་ཀའི་ཕན་འབྲས་བཟང་པོར་བརྟེན་ནས་རྒྱལ་ཁབ་ཀྱི་ཞིབ་བཤེར་དཔྱད་དཔོག་དང་ལེན་བྱས་ཏེ་དུས་བཅད་ལྟར་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་འགན་ལེན་བྱ་དགོས།

གསུམ་ནས་རྒྱུས་ལོན་གཏིང་ཟབ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཐད་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཡོངས་ཞུགས་པ་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་སྤྱོད་བྱ་དགོས་ལ། སྒོ་འབྱེད་དང་། མཉམ་ལས། མཉམ་སྤྱོད་བཅས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ང་ཚོས་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོབ་ཀྱི་འཚོལ་ཞིབ་དང་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས། དེ་ཡང《ཟི་ལིང་གི་ཐུན་མོང་ངོས་འཛིན》ལ་བརྟེན་ནས། བྱ་སྤྱོད་ཀྱི་སྡོམ་ཤུགས་མུ་མཐུད་དུ་གཅིག་སྒྲིལ་བྱས་ཏེ་ཕྱོགས་སོ་སོའི་རྒྱུས་ལོན་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་བཅས་རང་བྱུང་སྲུང་སྐྱོབ་ནང་ཞུགས་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ལག་རྡང་སྦྲེལ་ཏེ་སྐྱེ་ཁམས་མཉམ་སྐྲུན་དང་། ཁོར་ཡུག་མཉམ་བཅོས། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་འགན་འཁུར་བློ་མཐུན་དང་། ཆེད་མཁས་པ་རྣམས་ཀྱི་དགོངས་འཆར་དག་ནན་ཏན་གྱིས་ལེགས་སྒྲིག་དང་བསྡུ་ལེན་བྱས་ཤིང་། བཞུགས་མོལ་ཚོགས་འདུའི་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་བྱས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་ལེགས་པོ་བྱས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། འཛམ་གླིང་སྐྱེ་བོ་ཀུན་ལ“རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་། མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ”ཞེས་པའི་མཚར་སྡུག་གི་རྣམ་པ་ངོམ་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།