རྨ་འབྲི་རྫ་གསུམ་འབྱུང་ཡུལ་བཅོས་སྐྱོང་བྱས་ཏེ་སླར་ཡང་འགོ་འཛུགས་ས་གསར་པ་བཏོད།
2020.10.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བར་གནས་ཤིང་། འདས་ཟིན་པའི་ལོ་ངོ40ཡི་རིང་། རྨ་སྟོད་རྫོང་གིས་ཀྱག་ཀྱོག་གི་འཕེལ་རྒྱས་ལམ་བུ་ཞིག་བརྒྱུད་མྱོང་། སྔོན་ཆད་གང་སར་སྤང་ལྗོངས་སྔོ་ཐིང་ངེར་གནས་པའི་རྣམ་པ་དེ་དུས་རབས་སྔོན་མའི་ལོ་རབས་90པའི་ལོ་མཇུག་ཏུ་སླེབས་སྐབས་ཕྱུགས་ཟོག་མང་དུ་འཚོས་པ་ལས་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་སོང་བ་དང་།  དེའི་རྗེས་ཀྱི་ལོ་ཤས་རིང་ཁོར་ཡུག་བཅོས་སྐྱོང་རབ་དང་རིམ་པ་བྱས་ཏེ་གནད་དོན་གཅིག་ལ་དོ་དམ་བྱེད་མཁན་མང་བའི་གནས་ཚུལ་སྒྱུར་བཅོས་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་བ་ལ་སོགས་རྫོང་གཅིག་ལ་འགྱུར་ལྡོག་བྱུང་བ་ལས་སྐྱེ་ཁམས་བཅོས་སྐྱོང་གི་ཀྲུང་གོའི་ཁྱད་མཚར་བསྐྲུན།

མཚོ་དང་མཚེའུ་ཡི་གྲངས་ཀ་ཇེ་མང་དུ་སོང་ནས་མཛེས་ལྗོངས་ཡང་བསྐྱར་མངོན།

“མཚོ་དང་མཚེའུ་སྐར་ཚོགས་ལྟར་བཀྲ”ཞེས་པའི་རྫོང་གི་མཚན་སྙན་ཡོད་པའི་རྨ་སྟོད་དུ་ལོ་བཅུ་ཕྲག་སྔོན་དུ་མཚོ་དང་མཚེའུ་སྣ་ཚོགས་4000ལྷག་ཙམ་ཡོད་ཅིང་། དུས་རབས་སྔོན་མའི་ལོ་རབས་80པར་མི་གྲངས་ཁྲི་གཅིག་ཀྱང་མི་ཟིན་པའི་རྨ་སྟོད་དུ་ནོར་ལུག་ཇེ་མང་དུ་སོང་ནས་འབྲོག་པའི་ཡོང་འབབ་ཇེ་མཐོར་སོང་མོད། འོན་ཀྱང་ཕྱུགས་ཟོག་འཚོས་དྲགས་པའི་རྐྱེན་གྱིས་རྩྭ་ས་བྱེ་འགྱུར་དང་ཨ་བྲའི་གནོད་འཚེ་ཐེབས་ནས་མཚོ་དང་མཚེའུ་ཇེ་ཉུང་དུ་སོང་བ་དང་ཆུ་འགོ་ཆད་པ་སོགས་ཀྱི་སྣང་ཚུལ་བྱུང་།  སྐབས་དེར་རྨ་སྟོད་ཀྱི་མཚོ་དང་མཚེའུ་ཡི་གྲངས་ཀ1800ལྷག་ཏུ་ཇེ་ཉུང་ལ་སོང་།  སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་སོང་བས་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཡུལ་ཚོའི་འབྲོག་པ་མན་དཀར་ལ་མཚོན་ན་ཕ་ཡུལ་དང་ཁ་བྲལ་དགོས་བྱུང་བ་རེད། སྐབས་དེར་རྩྭ་ས་ས་ནག་དང་བྱེ་ཐང་དུ་གྱུར་ནས་ནོར་ལུག་འཚོ་རྒྱུ་ཕར་ཞོག་རླུང་གཡུག་ཚེ་གང་སར་བྱེ་མས་ཁྱབ་ཏེ་གནས་སྤོས་མ་བྱས་ཐབས་མེད་བྱུང་།

2005ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་ནས་ཕྱུགས་བཀག་རྩྭ་གསོ་དང་། རྩྭ་སར་བལྟས་ནས་ཕྱུགས་གྲངས་གཏན་འཁེལ། བྱེ་འགྱུར་བཅོས་སྐྱོང་། ཡུལ་མི་གནས་སྤོ། ཨ་བྲ་གསོད་པ་སོགས་བཅོས་སྐྱོང་བྱེད་ཐབས་ལག་བསྟར་བྱས་ཏེ། རྨ་ཆུའི་མགོ་ཁུངས་སུ་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་བྱེད་འགོ་ཚུགས།

2015ལོར་དུས་རིམ་དང་པོའི་ལས་གཞི་ལག་བསྟར་བྱས་ནས་ལོ་བཅུ་འདས་རྗེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རིགས་ཁག་གི་རྩྭའི་ཐོན་ཚད་30%ཇེ་མང་དུ་ཕྱིན་པ་དང་། མུའུ་ས་ཡ་གཅིག་ཡོད་པའི་ས་ནག་དང་བྱེ་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཚད80%ཡན་བར་ཇེ་མང་དུ་ཕྱིན་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་8ཙམ་འཕར་བ་རེད། 2018ལོར་རྨ་སྟོད་ཀྱི་མཚོ་དང་མཚེའུ་ཡི་གྲངས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཏེ5849ཟིན་པ་རེད།

ཁོར་ཡུག་བཅོས་སྐྱོང་མ་ལག་བསྐྱར་སྐྲུན་བྱས་ཏེ“སྡེ་ཁག་གཅིག་གིས་དོ་དམ་བྱེད་པ”ལག་བསྟར་བྱས།

2015ལོའི་ལོ་མཇུག་ཏུ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས《ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་གྱི་ཇུས་གཞིར》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཐེངས་དང་པོ་རེད། ཇུས་གཞི་གཞིར་བཟུང་ཏེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་རྨ་ཆུའི་མགོ་ཁུངས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ།  རྨ་སྟོད་རྫོང་གི་དེ་སྔའི་ནགས་ལས་དང་། རྒྱལ་ཁབ་ས་ཁོངས། ཁོར་ཡུག་སྲུང་སྐྱོབ། ཆུ་བེད་སོགས་སྡེ་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་འགན་འཁྲི་སྣ་ཚོགས་དོ་དམ་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་སུ་ཟླ་སྒྲིལ་བཏང་བ་དང་ཆབས་ཅིག  རྫོང་ནགས་ཚལ་སྤྱི་བདེ་དང་། རྒྱལ་ཁབ་ས་ཁོངས་ཁྲིམས་སྐྱོང་། ཁོར་ཡུག་ཁྲིམས་སྐྱོང་། རྩྭ་ཐང་ལྟ་སྐུལ་དོ་དམ། ཉ་ལས་ཁྲིམས་སྐྱོང་སོགས་ཁྲིམས་སྐྱོང་སྒྲིག་གཞི་དེ་དག་དོ་དམ་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་ཐོན་ཁུངས་ཁོར་ཡུག་ཁྲིམས་སྐྱོང་ཅུས་སུ་ཟླ་སྒྲིལ་བཏང་བ་རེད།

“སྡེ་ཁག་གཅིག་གིས་དོ་དམ་བྱེད་པ”ལག་བསྟར་བྱས་ཤིང་། རྨ་ཆུའི་མགོ་ཁུངས་ཀྱི་འགྱུར་ལྡོག་ཆེན་པོ་བརྒྱུད་མྱོང་བའི་མ་ཀུའེ་ལ་མཚོན་ན། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་པ་ནས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་བྱེད་པའི་བར་ཁོས་འགན་འཁྲི་མང་པོ་འཁུར་བས་སྔོན་ཆད་ལས་ཀྱང་ལས་ཀའི་བྲེལ་བ་ཆེ་རུ་སོང་ཡོད།

ཟླ8པའི་ཟླ་མཇུག་ཏུ་མན་དཀར་ཚང་གིས་བྲེལ་འཚུབ་ངང་དགུན་སར་སྤོར་བའི་གྲ་སྒྲིག་བྱེད་བཞིན་མཆིས།

2002ལོར་གནས་སྤོས་པ་ནས2015ལོའི་བར་ལོ13འདས་རྗེས་ཀྱི་རྨ་ཆུའི་མགོ་ཁུངས་སུ་ཡང་བསྐྱར་བྱེ་འགྱུར་གྱི་རྩྭ་ཐང་ནས་སླར་ཡང་སྐྱེ་སྟོབས་ཀྱིས་ཁེངས་ཏེ་མན་དཀར་ཚང་ཡང་རྩྭ་ཐང་དུ་སྤོས་པ་རེད།

ད་ལྟ་མན་དཀར་དང་ཡུལ་དེའི་འབྲོག་པ་མང་ཚོགས་མང་པོ་ཞིག་དགུན་དུས་རྫོང་མཁར་དུ་བསྡད་དེ་སློབ་གསོ་དང་སྨན་བཅོས་ཆ་རྐྱེན་དེ་བས་ལེགས་པ་ལོངས་སྤྱོད་བྱེད་པ་དང་དབྱར་དུས་རྩྭ་ཐང་དུ་ལོག་ནས་གོ་རིམ་ལྡན་པའི་སྒོ་ནས་ནོར་ལུག་འཚོ་བཞིན་མཆིས། ལོ་ལྔའི་གོང་དུ་མན་དཀར་གྱི་བུ་སངས་རྡོ་རྗེས་ད་དུང་སྐྱེ་ཁམས་ལྟ་སྲུང་པའི་འགན་ཁུར་ནས་རྩྭ་ཐང་སྲུང་སྐྱོབ་པར་གྱུར།

“ང་ལ་སྐྱེ་ཁམས་ལྟ་སྲུང་གི་གླ་ཕོགས་སྒོར1800ལེན་རྒྱུ་ཡོད། ང་ཚོའི་ཚོགས་ཆུང་ལ་མི10ཡོད་པ་དང་ཟླ་རེར་སྐོར་སྲུང་ཐེངས་གསུམ་རེ་བྱས་ཏེ་གད་སྙིགས་གཙང་སེལ་དང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། ལྟ་སྐུལ་ཁྲིམས་སྐྱོང་ལ་གཞོགས་འདེགས་བྱ་རྒྱུ་དེ་ང་ཚོའི་ལས་ཀ་རེད”ཅེས་སངས་རྡོ་རྗེས་འཕྲུལ་རྟར་ཞོན་ནས་རང་ཉིད་ཀྱི་དཔུང་རྟགས་དམར་པོར་མཛུབ་མོ་བཙུགས་ཏེ་སྤོབས་སེམས་ཆེན་པོས“ སྐྱེ་ཁམས་སྲུང་སྐྱོབ་ལ་དཀའ་ཁག་ཆེ་མོད། འོན་ཀྱང་ལོ་འདི་དག་གི་རིང་རྩྭ་ས་སྔར་ལས་ཇེ་བཟང་དུ་སོང་བ་དང་ནོར་ལུག་ལ་སྔར་ལས་ཤ་ཤེད་རྒྱས་པས་དངོས་གནས་དགའ་འོས་པ་ཞིག་རེད་ཅེས་སངས་རྡོ་རྗེ་ཡིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།