—རྒྱུན་མཐུད་སྲུང་སྐྱོབ་ལ་བརྟེན་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཇེ་བཟང་དུ་གྱུར་པའི་ གནས་ཚུལ་བཀོད་པ།
ལོ་ངོ་བཅུ་ལྷག་གི་རིང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་དང་རི་དྭགས་དགོ་དམར་གྱི་གྲངས་ཀ་ཇེ་མང་དུ་སོང་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཉམས་ཞན་ནས་ཇེ་བཟང་དུ་གྱུར་བས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལེགས་བཅོས་དང་སྐྱེ་ཁམས་དཔལ་ཡོན་ལག་ལེན། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བཅས་ཀྱི་ཆོད་སེམས་དང་བྱ་སྤྱོད་ར་སྤྲོད་བྱུང་ཡོད།
ཞོགས་པར་མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་དུ་རླབས་འོད་ཆེམ་ཆེམ་འཕྲོ་བ་དང་། མཚོ་ངོས་ནས་ཉི་འོད་ཀྱི་ཟེགས་མ་འཇའ་གུར་ཕུབ་པ་ལྟར་འཕྱོ་བར་བྱེད།
སྐབས་དེར་མཚོ་སྔོན་པོའི་འགྲམ་ངོགས་སུ་ཡུལ་སྐོར་བ་ཚོས་ཉི་མ་འཆར་དུས་པར་ལེན་པའི་གནས་ཡག་པོ་ཞིག་འཚོལ་བར་བྲེལ། མཚོ་ངོས་སུ་རླབས་ཕྲེང་གཡོ་བ་དང་ཆུ་སྐྱར་དང་ངང་པ་སོགས་འདབ་ཆགས་སྣ་ཚོགས་ཀྱིས་བར་སྣང་དུ་གཤོག་རྩལ་ངོམས་པ་དང་གསེར་ཉ་ཁྱུ་དང་ཁྱུ་བྱས་ནས་དྭངས་གསལ་གྱི་མཚོ་མོའི་གཞུང་དུ་ཅི་འདོད་དུ་རྐྱལ་བཞིན་འདུག
“ས་ཆ་འདི་ཧ་ཅང་མཛེས་ལ་ཉམས་དགའ་བ་མ་ཟད་ཁ་ཁུ་སིམ་པོ་འདུག སེམས་ཀྱང་ལྷོད་ལ་བབས་ཐུབ། གནས་འདིའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཧ་ཅང་ཡག་པོ་བྱས་འདུག ཆུ་ཧ་ཅང་དྭངས་ཤིང་གཙང་ལ་གོ་ཐོས་སུ་གནས་འདིའི་ཆུ་ཚྭ་ཆུ་རེད་ཟེར་བས་བྲོ་བ་མྱོང་འདོད་ཆེན་པོ་སྐྱེས”ཞེས་ཨན་ཧུའེ་ཞོན་ཁྲེང་ནས་ཡོང་བའི་ན་གཞོན་ཡུལ་སྐོར་བ་ཝང་ཞོན་གྱིས་དེ་ལྟར་བཤད་བྱུང་།
ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་བགྲེས་སོང་གཉིས་ཀྱིས་གནས་འདིའི་མཁའ་དབུགས་གཙང་ལ་ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་ལང་ལོང་རྒྱུ་བས་ཡིད་དབང་འཕྲོག་བྱུང་། ད་ཐེངས་ཀྱི་འགྲུལ་བཞུད་ངོ་མ་སྐྱིད་པོ་རེད་ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
སྔོ་ཞིང་དྭངས་པའི་རི་ཆུའི་མཛེས་ལྗོངས། གསེར་རི་དངུལ་རིར་རིན་ཐང་ལྷག་པར་ཆེ།
མཚོ་སྔོན་པོ་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་གཉེར་སྐྱོང་དོ་དམ་པུའི་པུའུ་ཀྲང་ཙེང་ཅན་ཡུས་ཀྱིས། རྒྱལ་སྟོན་གུང་གསེང་སྐབས་སུ། མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་བྱས་ཚད་མི་ཐེངས་འབུམ་གཅིག་ལས་བརྒལ་བ་དང་། ཡུལ་སྐོར་བའི་གྲངས་ཀ་དང་ཡུལ་སྐོར་བའི་ཡོང་འབབ་ན་ནིང་གི་དུས་མཉམ་ལས་འཕར་བ་དང་། ད་ལོའི“ལྔ་གཅིག”གུང་གསེང་ལས་ཆེས་ཆེར་འཕར་བ་མ་ཟད། མི་རེའི་ཆ་སྙོམས་འཛད་སྤྱོད་ཅུང་འཕར་བའི་དགའ་འོས་པའི་རྣམ་པ་ཞིག་མངོན་འདུག་ཅེས་དེ་ལྟར་ངོ་སྤྲོད་བྱས་བྱུང་།
རི་ཆུ་དང་མཚེའུ་རྩྭ་ཐང་བཅས་ལ་སྲུང་སྐྱོབ་ལེགས་པོ་བྱས་པས། མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ཀྱིས་མཚོ་སྔོན་པོར་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་པ་བྱུང་ཡོད།
པད་མ་དོན་གྲུབ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཅང་ཤེས་གྲོང་རྡལ་མོག་རུ་སྡེ་བའི་མི་ཡིན་ལ། ཁོས་མཚོ་སྔོན་པོའི་ལྷོ་ངོགས་སུ་ཁང་བ་གྱན་ཉེར་བདུན་ཡོད་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་ཡོད་ལ། 2019ལོར་ཁོ་ཚང་གི་ཡུལ་སྐོར་ཡོང་འབབ་སྒོར་འབུམ་གཉིས་ཙམ་ཟིན་ཡོད།
མོག་རུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་ཆུང་གིས་མཛེས་སྡུག་ལྡན་པའི་མཚོ་སྔོན་པོར་བརྟེན་ནས་སྡེ་བའི་ཁྱིམ་ཚང་ཡོངས་ཀྱིས་ཡུལ་སྐོར་གྱི་ཡོང་འབབ་རག་ཐུབ་ཡོད། སྔོན་ཆད་ས་ཁང་དང་སོ་ཕག་གི་ཁང་པ་ཡིན་ནའང་ད་ལྟ་ཐོག་ཁང་དུ་སྤོས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་གྱི་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
“2019ལོར་མོག་རུ་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་བདུན་བདུན་བརྒྱ་བཞི་བཅུར་སླེབས་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་བཞིའི་སྡེ་བའི་ཁྲོད་ནས་ཡོང་འབབ་མང་ཤོས་རེད”ཅེས་ཅང་ཤེས་གྲོང་རྡལ་གྱི་འགོ་གཙོ་ཡུམ་ཐར་རྒྱལ་གྱིས་དེ་ལྟར་བཤད་བྱུང་།
མཚོ་སྔོན་པོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ཁོངས་སུ་ཡོད་ལ་མཚོ་མཐའི་རིང་ཚད་ལ་སྤྱི་ལེ360ཡོད། ཐུན་མིན་གྱི་ཆུ་ཁོངས་འདི་མདོ་དབུས་མཐོ་སྒང་གི་རྩ་ཆེ་བའི་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་དུ་གྱུར་པ་དང་། ནུབ་རྒྱུད་ཀྱི་བྱེ་མ་ཤར་ཕྱོགས་སུ་མཆེད་པ་བཀག་འགོག་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་ཀྱང་རེད།
འོན་ཀྱང་གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་འགུལ་སྐྱོད་སོགས་རྒྱུ་རྐྱེན་སྣ་མང་གི་ཤུགས་རྐྱེན་ཐེབས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཧ་ཅང་ཉམས་ཞན་དུ་གྱུར་ཡོད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྟོངས་ཉེར་གྱུར་པ་དང་། མཐའ་འཁོར་གྱི་རྩྭ་ས་བྱེ་འགྱུར་དང་ཉམས་ཞན་དུ་གྱུར་བ། མཚོན་བྱེད་རང་བཞིན་གྱི་སྲོག་ཆགས་དགོ་དམར་སྟོངས་ལ་ཉེ་བའི་གནས་སུ་གྱར་ཞིང་། མཚོ་ཁ་མུ་མཐུད་དུ་ཇེ་དམའ་རུ་སོང་ནས་ཆུའི་རྒྱ་ཁྱོན་རྒྱུན་མཐུད་སྒོས་ཇེ་ཆུང་དུ་ཕྱིན།
མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལའང་བརྩི་མཐོང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་ཁམས་བཅོས་སྐྱོང་གི་བྱེད་ཐབས་དང་ལས་གཞི་རབ་དང་རིམ་པ་རྒྱུན་མཐུད་སྒོས་ལག་བསྟར་བྱས་ཡོད།
1975ལོར་མཚོ་སྔོན་པོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུབ་སྐྱོང་ཁུལ་བཙུགས་ཤིང་། དེ་ནི་མཚོ་སྔོན་ཞིང་ཆེན་ནས་ཐོག་མ་ཡིན་པ་རེད།
1992ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་མཚོ་སྔོན་པོའི་བྱ་གླིང་དེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད།
1997ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས།
2008ལོར་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་ལོ་10ཡི《མཚོ་སྔོན་པོའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་འགོད》 ལག་བསྟར་བྱེད་མགོ་བརྩམས།
2019ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་བྱས་པ་དང་། མཚོ་སྔོན་པོ་ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ཁྲོད་བཅུག་ཡོད།
ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་། མ་ལག་རང་བཞིན། ཆ་ཚང་རང་བཞིན་བཅས་སྔར་བཞིན་རྒྱུན་མཐུད་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཧྲིལ་པོ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དུ་ཕྱིན་ཡོད།
མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས་བཤད་རྒྱུར། མཚོ་སྔོན་པོའི་སྐྱེ་ཁམས་ཇེ་ལེགས་སུ་སོང་ནས་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་སྟོང་ལྔ་ཆིག་བརྒྱ་འཕར་བ་དང་། སྔོ་ཁེབས་ཀྱི་ཚད13.5%ཇེ་མང་དུ་ཕྱིན་པ། མཚོ་སྔོན་པོའི་སྐྱེ་ཁམས་ནུས་པ་མུ་མཐུད་དུ་ཇེ་ལེགས་སུ་སོང་བ་དང་ཆབས་ཅིག་སྲུང་སྐྱོབ་ཁུལ་གྱི་བྱེ་ས་དང་། ཐང་རྒོད། བ་ཚྭ་ཅན་གྱི་ས་ཆ་བཅས་ཀྱི་རྒྱ་ཁྱོན་བསྟུད་མར་ཇེ་ཆུང་དུ་ཕྱིན་པ་དང་རིམ་རྩིས་བྱས་ན་སྤྱི་ཆིང་སྟོང་བདུན་བདུན་བརྒྱ་སོ་དྲུག་ཇེ་ཆུང་དུ་ཕྱིན་ཡོད་ཟེར།
ལོ་རེའི་ཟླ6པ་ནས7པའི་ཟླ་དཀྱིལ་དང་ཟླ་མཇུག་བར་མཚོ་སྔོན་པོའི་ཆུ་ཁུངས་གཙོ་བོ་བུ་ཧའི་ཆུ་དང་། འོམ་ཆུ། ཁྱོན་རྒྱས་ཆུ། རྟ་ནག་ཆུ་སོགས་རབ་ཏུ་རྒྱས་པ་དང་གསེར་ཉ་གྱེན་དུ་རྒྱུ་འགོ་ཚུགས།
མཚོ་སྔོན་པོའི་གསེར་ཉ《ཀྲུང་གོའི་དངོས་རིགས་ཀྱི་མིང་གཞུང་དམར་པོའི》ནང་སྟོངས་ཉེའི་དངོས་རིགས་ཀྱི་གྲས་སུ་བཞག་ཡོད་པ་དང་། དེ་ནི་མཚོ་སྔོན་པོ་ཁོ་ནར་ཡོད་པའི་རྩ་ཆེའི་ཉ་རིགས་ཤིག་ཡིན་ཞིང་། མཚོ་སྔོན་པོ་རྒྱུག་ཁོངས་ཀྱི“ཆུ་དང་། ཉ། འདབ་ཆགས”བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོབ་བྱེད་པར་ཧ་ཅང་གལ་འགངས་ཆེ་བ་རེད།
མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་ཧྲི་ཅན་ཆོན་གྱིས་བཤད་རྒྱུར། “སྔོན་ཆད་གསེར་ཉ་མང་པོ་བཟུང་བས་གྲངས་ཀ་ཆེས་ཆེར་ཇེ་ཉུང་དུ་སོང་ཡོད། 1980ལོར་མཚོ་སྔོན་ཞིང་ཆེན་གྱིས་གསེར་ཉ་འཛིན་པར་ཚད་བཀག་བཟོས་ཡོད། 2003ལོ་ནས་བཟུང་མཚོ་རྒྱ་བསྡམས་ཏེ་གསེར་ཉ་ཁྱོན་ཡོངས་ནས་གསོ་སྐྱོང་བྱེད་འགོ་ཚུགས་པ་དང་ཆབས་ཅིག ཉ་གཅིག་ཀྱང་འཛིན་མི་ཆོག་པ་བཟོས་ཡོད། རྗེས་སུ་ད་དུང་གསེར་ཉ་སྲུང་སྐྱོབ་ལྟེ་གནས་བཙུགས་ཏེ་གསེར་ཉ་མིའི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱེད་ཐབས་ཞིབ་འཇུག་བྱས་པས་གསེར་ཉར་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད”ཟེར།
ད་ལྟའི་བར་སྔ་རྗེས་སུ་མཚོ་སྔོན་པོར་མིའི་ཐབས་ཀྱིས་རྒྱུད་སྤེལ་བྱས་པའི་གསེར་ཉའི་ཉ་ཕྲུག་དུང་ཕྱུར་གཅིག་དང་བྱེ་བ་གསུམ་གློད་པ་དང་། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་དེ་ཏུན་ཁྲི་དགུ་སྟོང་གསུམ་ཟིན་ནས་ལོ་རྒྱུས་ཐོག་གི་གསེར་ཉ་ཉུང་ཤོས་ཡིན་པའི2002ལོའི་ཏུན2592ལས་ལྡབ་སུམ་ཅུ་ཙམ་འཕར་ཡོད།
“ད་ལྟ་མཚོ་སྔོན་པོ་དེ་ཨེ་ཤེ་ཡ་དབུས་མ་དང་རྒྱ་གར། ཨེ་ཤེ་ཡ་ཤར་མ་དང་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ཆུ་བྱ་གནས་སྤོ་བའི་ས་ཆ་གལ་ཆེན་དང་མདོ་དབུས་མཐོ་སྒང་གི་ཆུ་བྱའི་དགུན་སྒྲོལ་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ཇེ་ལེགས་སུ་སོང་བས། བྱ་མང་པོ་མཚོ་སྔོན་པོར་འཚོ་སྡོད་བྱེད་ཀྱི་ཡོད”ཅེས་ཧོ་གཡུས་པང་གིས་དེ་ལྟར་བཤད་བྱུང་།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨེན་ཀོང་གིས་བཤད་རྒྱུར། “མཚོ་སྔོན་པོའི་ཆུ་དང་། ཉ། འདབ་ཆགས་བཅས་ཀྱི་སྐྱེ་ཁམས་མ་ལག་ལས་མཚོ་སྔོན་པོའི་དམིགས་བསལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྲུབ་པ་དང་། མཚོ་སྔོན་པོ་དེ་དམིགས་བསལ་དངོས་རིགས་ཁྱབ་ཚུལ་གྱི་འདུ་འཛོམས་བྱ་ཡུལ་དུ་གྱུར་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་མང་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་ཡོད” །
ད་ལོ་ལོ57ཡིན་པའི་ཝུའུ་ཡུང་ལིང་ནི་མཚོ་སྔོན་པོའི་ལྷོ་ངོགས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཡིན་པ་དང་། 2003ལོ་ནས་བཟུང་ཁོས་བློ་གཅིག་སེམས་གཅིག་གིས་རི་དྭགས་དགོ་དམར་ལྟ་ཞིབ་ཚད་ལེན་དང་། སྲུང་སྐྱོབ། མི་ཐབས་འདུལ་གསོར་བརྟེན་ནས་རྒྱུད་སྤེལ་བཅས་ལ་འབད་བཞིན་ཡོད། རི་དྭགས་དགོ་དམར་ནི་འཛམ་གླིང་ཐོག་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་ཡིན་ཞིང་། ལོ་རྒྱུས་ཐོག་དེ་སྔ་ནང་སོག་དང་། ཀན་སུའུ། མཚོ་སྔོན་སོགས་སུ་འཚོ་བ་དང་། ད་ལྟ་མཚོ་སྔོན་ཁོ་ནར་མ་གཏོགས་མེད་པས། མཚོ་སྔོན་པོའི་མཚོན་བྱེད་ལྟ་བུའི་དངོས་རིགས་ལ་གྱུར་ནས་སྲུང་སྐྱོབ་ཡག་པོ་བྱུང་ཡོད།
ཝུའུ་ཡུང་ལིང་གིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར། “དེ་སྔ་ང་ཚོའི་སྲུང་སྐྱོབ་ས་ཚིགས་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པ་དང་ཆུ་རྒྱས་སྐབས་ཆུས་བསྣུབས་ཀྱི་ཡོད་པས། ད་ལྟའི་ས་ཆ་འདིར་མ་སྤོས་ཀ་མེད་བྱུང་། ད་ལོ་སྐྱེ་འཕེལ་དུས་ཚིགས་སྐབས་སུ་དགོ་ཕྲུག15རྩེབས་ཏེ་དགོ་བའི་ཁྱུ་ཚོགས་ཟམ་མི་ཆད་པར་ཇེ་མང་དུ་འགྲོ་བཞིན་ཡོད”།
ད་ལྟ་མཚོ་སྔོན་པོའི་མཐའ་སྐོར་གྱི་རྩྭ་ཐང་དུ་རི་དྭགས་དགོ་དམར་ཁྱུ་ཚོགས14ཡོད་པ་དང་། དེ་སྔའི་གྲངས་ཀ300ཙམ་ནས་ད་ལྟའི2700ལྷག་ཙམ་བར་ཇེ་མང་དུ་ཕྱིན་ཡོད། རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་པའི་མཚོ་སྔོན་པོར་སྲུང་སྐྱོབ་དང་འཕེལ་རྒྱས་དོ་སྙོམས་ཡོང་བར་ས་གནས་སྲིད་གཞུང་གིས་རྒྱུན་མི་ཆད་པར་འཚོལ་ཞིབ་དང་འབད་བརྩོན་བྱེད་བཞིན་ཡོད།
སྐྱེ་ཁམས་སྲུང་སྐྱོབ་བྱ་ཆེད། མཚོ་སྔོན་པོའི་བྱ་གླིང་དང་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་གཉིས་སྔ་རྗེས་སུ་སྒོ་བརྒྱབ་ཡོད། བྱེ་མ་ལ་བདུན་དེ་སྔའི་མཛེས་ལྗོངས་ཁུལ་གྱི་འཕྲང་ལམ་དང་ལྗོངས་གཟིགས་སྒང་སོགས་ཡུལ་སྐོར་སྒྲིག་བཀོད46ཚང་མ་བཤིག་པས་བྱེ་མའི་ཐོག་རྩྭ་རྩི་ཤིང་སྐྱེས་ཡོད།
བྱ་གླིང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་དང་དེ་མིན་ཆུ་བྱ་ལྟ་ཞིབ་སྒྲིག་བཀོད་སོར་འཇོག་བྱས་ཡོད། ད་ལོའི་དབྱར་ཁར་གསར་འགོད་པས་རླངས་འཁོར་བསྡད་དེ་གླིང་ཕྲན་དུ་བཅར་འདྲིར་བསྐྱོད་པ་ན། བྱ་གླིང་དུ་ཡུལ་སྐོར་བ་མེད་པས་ཁུ་སིམ་མེར་གནས་ལ། འདབ་ཆགས་ཁྱུ་དང་ཁྱུ་བྱས་ནས་འཚོ་སྡོད་བྱེད་བཞིན་ཡོད་པས་མིང་དོན་མཚུངས་པའི་འདབ་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་ལོ་སྟོད་དུ་འབྲེལ་ཡོད་འཆར་འགོད་ཁྱབ་བསྒྲགས་བྱས་ཏེ་དངོས་སུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུའི་སྐོར་བཏོན་ཡོད། མཚོ་སྔོན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གཙོ་བོས། མཚོ་སྔོན་པོ་ནི་རབ་མཛེས་མཚོ་སྔོན་གྱི་མིང་བྱང་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཧུར་ཐག་གིས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
“རྒྱལ་ཁབ་སྤྱི་གླིང་ནི་མཛེས་སྡུག་གི་ཀྲུང་གོའི་ཡུལ་ཁམས་ཀྱི་མུ་ཏིག་ལྟ་བུ་ཞིག་ཡིན་པས་ངའི་སེམས་ནང་གི་ལྟ་ན་སྡུག་པའི་མཚོ་སྔོན་པོའི་མཛེས་ལྗོངས་དང་གཅིག་པ་རེད། རྒྱལ་ཁབ་སྤྱི་གླིང་སྐྲུན་རྗེས‘ས་མཐོའི་མུ་ཏིག’དེ་བས་བཀྲག་མདངས་འཚེར་བའི་རེ་བ་ཡོད”ཅེས་ཧོ་གཡུས་པང་གིས་དེ་ལྟར་བཤད་བྱུང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།