རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཕོ་འགྱུར།
2020.10.29 ཁུངས། མི་དམངས་དྲ་བ། ཀློག་གྲངས། 32

 འབྲི་ཆུའི་འགོ་ཁུངས་ནི་ཧ་ཅང་ཡངས་ཞེས་བརྗོད་ན་མི་འཚམ་པ་ཅི་ཡང་མེད། བརྗིད་ཉམས་ལྡན་པའི་ཁུ་ནུ་རི་བོ་དང་གདང་ལ་རི་བོའི་རྒྱུད་དུ་གནས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་འགོ་ཁུངས་སུ་འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་གི་སྲིད་འཛིན་སྡེ་བ15ཡི་མི་ཁྲི་གཉིས་སྟོང་གཅིག་ཆིག་བརྒྱ་ཞེ་གསུམ་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་དགུ་ལྷག་ཟིན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི73.35%ཟིན་ཡོད།

འབྲི་ཆུའི་འགོ་ཁུངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི4888.1ཡན་ཟིན་པའི་ཨ་ཆེན་གངས་རྒྱབ་ནི་རྒྱལ་ཡོངས་ཀྱི་མི་མེད་ལུང་སྟོང་ཁུལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་མོད། འོན་ཀྱང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སུམ་རྩེན་གནས་ལྟ་བུ་ཡིན།

“2006ལོར་སྲུང་སྐྱོབ་ས་ཚིགས་སུ་ཐོག་དང་པོར་བྱ་བ་སྒྲུབ་ཏུ་ཡོང་སྐབས་ཡུལ་སྐོར་བ་ཚོས་གནས་འདིར་གཙོད་མཐོང་རྒྱུ་མེད་པ་གང་ཡིན་ནམ་ཞེས་འདྲི་བ་དང་།   ད་ལྟ་ཚང་མས་ལམ་འགྲམ་ནས་པར་བརྒྱབ་པའི་འདྲ་པར་བསྟན་ནས་ང་ཚོར་དེ་ནི་གཙོད་རེད་དམ། སྲོག་ཆགས་དེ་གང་ཡིན་ནམ་ཞེས་འདྲི་གི་འདུག”ཅེས་ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་ལྷུན་གྲུབ་ཚེ་རྒྱལ་གྱིས་དེ་ལྟར་བཤད་ཅིང་། ཁོ་རང་ལོ31ལ་སླེབས་མ་ཐག་ཡིན་མོད། སྲུང་སྐྱོབ་ས་ཚིགས་སུ་བྱ་བ་སྒྲུབ་ནས་ད་ལྟའི་བར་ལོ14འགོར་བ་དང་སྲུང་སྐྱོབ་ས་ཚིགས་ཀྱི་དེ་སྔའི་ལོ་རྒྱུས་ནས་ད་ལྟའི་རི་སྐོར་དང་གཙོད་སྲུང་སྐྱོབ་སོགས་ལས་དོན་ཚང་མར་ལྷུན་གྲུབ་ཚེ་རྒྱལ་ལ་མཚོན་ན་རྒྱུས་མངའ་ཆེན་པོ་ཡོད།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནི་དུས་རབས་སྔོན་མའི་ལོ་རབས90པར་གཙོད་སྲུང་སྐྱོབ་བྱ་ཆེད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་བསོད་ནམས་དར་རྒྱས་ཀྱི་མིང་ལས་བྱུང་ཞིང་། ལོ་དེ་དག་གི་རིང་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུའི་གྲངས་ཀ་ཉུང་ཤོས་སྐབས་ཁྲི2ཡང་མེད་པ་ནས་ད་ལྟའི་ཁྲི7ལྷག་ཙམ་བར་ཇེ་མང་དུ་ཕྱིན་པ་དང་གཙོད་སྲུང་སྐྱོབ་བྱ་རྒྱུ་ནི་འདོར་ཐབས་མེད་པའི་ལས་འགན་ཞིག་རེད།

སྐོར་སྲུང་བ་རྣམས་ཀྱི་འབད་བརྩོན་འོག  2006ལོ་ནས་བཟུང་ཨ་ཆེན་གངས་རྒྱབ་ཏུ་རྐོག་རྔོན་གྱི་མེ་མདའི་སྒྲ་གྲགས་མ་མྱོང་མོད།  འོན་ཀྱང་སྐོར་སྲུང་རུ་མིའི་ལས་ཀར་སྔར་བཞིན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད།

ལྷུན་གྲུབ་ཚེ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཨ་ཆེན་གངས་རྒྱབ་ཏུ་སྐོར་གཡེང་བྱེད་སྐབས་གནད་དོན་ཆེ་ཤོས་ནི་ལམ་ཡིན་པ་དང་། རི་ཁྲོད་དུ་ལམ་མེད་པས་རྟག་པར་རླངས་འཁོར་འདམ་ནང་ཟུག་ཏེ་དཀའ་ཁག་ཆེན་པོ་མྱོང་དགོས། ཡིན་ན་ཡང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་རྒྱུ་དེ་སྲུང་སྐྱོབ་རུ་མིའི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན།

བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔའི་བར་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་རུ་མིས་གཙོད་བརྒྱ་ལྷག་སྐྱོབ་རོགས་བྱས་པ་མ་ཟད། ད་དུང་འབྲོང་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་གཞན་པའང་བསྐྱབས་ཡོད་པ་རེད།

གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་སྒོ་ར་ཆུང་ཆུང་ཞིག་གི་ནང་སྦྱར་སྡོང་གཅིག་ཡོད་པ་མཐོང་།  དེ་ནི་འབྲི་སྟོད་རྫོང་གིས་བཙུགས་པའི་སྦྱར་སྡོང་དང་པོ་ཡིན་ཞིང་། སྒོ་ར་ཆུང་ཆུང་དེ་ནི་བསོད་ནམས་དར་རྒྱས་ཀྱི་སྡོད་གནས་རྙིང་པ་རེད།

སྐབས་དེར་བསོད་ནམས་དར་རྒྱས་ཀྱིས་ཡིད་ཆེས་དེ་ཙམ་མེད་པའི་ངང་ས་གནས་དེར་སྡོང་བོ་མེད་སྟབས་ཁྲི་འདུ་རྫོང་ནས་སྤོ་འཛུགས་བྱས་ཤིང་། དྲོད་ཚད་དམའ་བའི་དབང་གིས་དྲོད་ཁང་ཆེན་པོ་ཞིག་བསྐྲུན་ནས་གྲང་འགོག་བྱས།  ལོ་ངོ30ཡུན་གྱིས་འདས་པ་དང་ད་ལྟ་སྦྱར་སྡོང་གི་སྐྱེས་ཚད་དེ་དྲོད་ཁང་ཆེ་མོ་དེ་ལས་མཐོ་བ་རེད། གནས་དེ་སྐད་གྲགས་ཆེ་ བའི་ལྟ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་བ་དང་སློབ་མ་དང་། ཡུལ་མི། ཡུལ་སྐོར་བ་སོགས་ཚང་མས་དེ་གར་དཔའ་བོར་དྲན་གསོ་ཞུ་ཞིང་།  སྔོན་བྱོན་མེས་པོས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་སྤྲོ་སེམས་དང་ཆོད་སེམས་ཚོར་ཐུབ།

གནས་དེར་ལྟ་སྐོར་དུ་ཡོང་མཁན་གྲས་སུ་ད་དུང་ཉེ་འགྲམ་གྱི་སྐྱིད་དགའ་སློབ་ཆུང་གི་སློབ་བུ་དག་ཀྱང་ཡོད་པ་རེད།

སྒོ་ར་དེ་ནས་རླངས་འཁོར་ལ་བསྡད་དེ་ལྷོ་ཕྱོགས་སུ་སྐར་མ10ཙམ་བསྐྱོད་པ་ན། སྐྱིད་དགའ་སློབ་ཆུང་དུ་ཐོན་པ་དང་། སློབ་ཆུང་དེར་སློབ་བུ700ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་འབྲི་སྟོད་རྫོང་གི་འབྲོག་པའི་བྱིས་པ་ཡིན་ཞིང་། རྒྱུན་ལྡན་གྱི་སློབ་སྦྱོང་ལས་གཞན་བྱིས་པ་ཚོར་ད་དུང་དམིགས་བསལ་གྱི་སློབ་ཚན་ཞིག་ཡོད་པ་དེ་ནི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་སློབ་ཚན་ཡིན་པ་རེད།

ཆེད་དུ་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་སློབ་ཁང་དུ་བསྐྱོད་པ་ན། སློབ་བུ་ཚོས་བཟོས་པའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཆུང་རིགས་ཤེལ་སྒྲོམ་ནང་བསྒྲིགས་པ་དང་། གྱང་ངོས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ངོ་མཚར་ཆེ་བའི་རི་བོ་དང་ལྟ་ན་སྡུག་པའི་ཆུ་ཕྲན་གྱི་པར་རིས་ཡོད་ལ་ས་མཐོའི་ཐུན་མོང་མ་ཡིན་པའི་མེ་ཏོག་དང་རི་དྭགས་ཀྱི་པར་རིས་ཀྱང་ཡོད་པ་རེད།

ང་ཚོའི་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པས་སློབ་བུ་ཚོས་ཉན་པར་སྤྲོ་ལ། ང་ཚོར་ཡང་གྲུབ་འབྲས་ཐོབ་སྣང་གི་ཚོར་བ་ཆེན་པོ་ཞིག་སྦྱིན་བྱུང་”།   སློབ་ཁང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྲིད་པ་དང་ཕྱི་རོལ་དུ་མཛེས་སྡུག་ལྡན་པའི་རི་ཆུར་མྱོང་རོལ་དང་འདབ་ཆགས་དང་རི་དྭགས་ལ་ལྟ་སྐོར་བྱེད་པ་སོགས་རྣམ་པ་སྣ་ཚོགས་ཡོད་ཅེས་སློབ་གྲྭའི་དགེ་རྒན་ནོར་བུས་གསར་འགོད་པར་དེ་ལྟར་བཤད་བྱུང་།

འབྲི་སྟོད་རྫོང་ཐོན་ལས་གླིང་དབུལ་སྐྱོར་འཁོར་ཁང་གི་དགའ་བརྒྱ་ལོ་ཀུན་ཕན་གྱོན་གོས་ལས་སྣོན་ཚད་ཡོད་ཀུང་སིའི་བཟོ་ཁང་དུ་རི་བདེས་འཚེམ་འཁོར་གྱི་འགྲམ་དུ་བྲེལ་བཞིན་མཆིས། ལོ་འགའི་སྔོན་ལ་མི་རབས་ནས་མི་རབས་བར་ཕྱུགས་འཚོ་བའི་རི་བདེས་འབྲོག་ཁུལ་ནས་བཟོ་གྲྭར་ལས་ཀ་བྱེད་ཐུབ་པ་དེ་སེམས་ལའང་འཁོར་མ་མྱོང་།

སྐབས་དེར་རི་བདེ་ཟོ་སྐྱ་ཡུལ་ཚོ་འདམ་ཆུ་གྲོང་ཚོར་ཡོད་ཅིང་། “ གནམ་ལ་བརྟེན་ནས་ཕྱུགས་འཚོ་བཞིན་ཡོད།  རྗེས་སུ་རྩྭ་ས་ཇེ་ཉུང་དང་ཨ་བྲ་ཇེ་མང་དུ་སོང་བས་ནོར་ལུག་ལའང་ཤུགས་རྐྱེན་ཐེབས་པ་དང་། དེའི་ཁར་རྐང་པར་སྐྱོན་ཡོད་པས་ཁྱིམ་གྱི་འཚོ་བར་དཀའ་ཁག་ཆེན་པོ་བྱུང་ །”

2017ལོར་གོ་སྐབས་ལེགས་པོ་ཞིག་བྱུང་བ་སྟེ། ལོ་དེར་རི་བདེའི་ཁྱིམ་མི་འབྲི་སྟོད་རྫོང་དུ་གནས་སྤོས་ནས་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར། དེ་ནས་བཟུང་རི་བདེས་རྩྭ་ཐང་གི་སྒྲིག་བཀོད་དང་ཁོར་ཡུག་འཕྲོད་བསྟེན་སོགས་ལ་དུས་བཅད་ལྟར་སྐོར་སྲུང་བྱེད་པ་དང་ཆབས་ཅིག རྡོ་དང་བྱེ་མ་སྔོག་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་དང་ཡར་ཞུ་བྱེད་པ་སོགས་ཀྱི་ལས་ཀ་བྱས་ཤིང་།  རི་བདེར་ཟླ་རེར་སྒོར1800ཡི་ཡོང་འབབ་བརྟན་པོ་ཐོབ་པ་རེད།

2019ལོའི་ཟླ4པར་ཁྱིམ་ཚང་དབུལ་པོ་ཡིན་པའི་རི་བདེ་ལ་འཁོར་ཁང་དུ་ལས་ཀ་བྱེད་པའི་གོ་སྐབས་ལེགས་པོ་ཐོབ།

“ད་ལྟ། ང་ལ་ཟླ་རེར་སྒོར1500ལྷག་གི་གླ་ཕོགས་ཡོད་པའི་ཁར་ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པ་དང་།  སྐྱེ་ཁམས་ལྟ་སྲུང་གི་ལས་ཀ་དེ་གཙོ་བོ་བཟའ་ཟླས་འགན་འཁུར་གྱི་ཡོད་ལ། ཟླ་རེར་སྒོར1800ཡི་གླ་ཕོགས་ཡོད”།“ སྔོན་ཆད་གནམ་ལ་བརྟེན་ནས་འཚོ་བ་རོལ་དགོས་པས་དངོས་གནས་དཀའ་ཁག་ཆེ། ད་ལྟ་ངེད་ཚང་གི་འཚོ་བ་ཇེ་བཟང་ཇེ་སྐྱིད་རེད་ཅེས་རི་བདེས་དེ་ལྟར་བཤད་བྱུང་།

རི་བདེའི་འཚོ་བ་གསར་པ་དེའང་འབྲི་ཆུའི་འགོ་ཁུངས་ཀྱི་འབྲོག་པ་མང་པོ་ཞིག་གི་འཚོ་བའི་བསྡུས་རིས་ཤིག་རེད།

2016ལོའི་ཟླ6པར། འབྲི་ཆུའི་འགོ་ཁུངས་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་རྗེས་དོ་དམ་ཨུ་ཡོན་ལྷན་ཁང་གིས“ཁྱིམ་ཚང་རེ་ལ་ལས་རྐང་རེའི” སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོད་སྒྲིག་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་ལས་རྐང་སྡོམ་པས6914བཀོད་སྒྲིག་བྱས་ནས། འབྲི་སྟོད་རྫོང་གི་གླིང་ཁུལ་དུ་ཟོ་སྐྱ་ཡུལ་ཚོ་དང་བྲག་དཀར་ཡུལ་ཚོ། ཆུ་དམར་ལེབ་རྫོང་གི་ཆུ་དམར་ཡུལ་ཚོ་དང་གཡུ་སྐེ་ཡུལ་ཚོ་བཅས་ཀྱི་ཁྱིམ་ཚང་དབུལ་པོའི“ཁྱིམ་ཚང་རེར་ལས་རྐང་རེ” ཡོད་པར་བྱས།

དབུལ་སྐྱོར་འཁོར་ཁང་ནས་ཁ་བྲལ་རྗེས། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མུ་མཐུད་དུ་ཆུ་དམར་ལེབ་རྫོང་གི་ཕྱོགས་སུ་བསྐྱོད་པ་དང་། ལམ་བར་དུ་ཉི་འོད་རབ་ཏུ་འཚེར་བ་དང་སྔོ་ལྗང་ལྗོན་པས་ཁེངས། ས་གནས་ཀྱི་རླངས་འཁོར་ཁ་ལོ་བས་གསར་འགོད་པར་ལམ་འགྲམ་གྱི་ལྗང་མདོག་དེ་དག་ལོ་ཁ་ཤས་ཀྱི་སྔོན་ལ་ས་ནག་ཐང་ཡིན་མོད། “ད་ལྟ་སྔོན་ཆད་དང་མི་འདྲ་བར་ས་ནག་ཐང་དེ་དག་སྔོ་ཐིང་ཐིང་དུ་གྱུར་ནས་མཛེས་ལྗོངས་ལྟ་ན་སྡུག་ཅིང་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།