མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་གྲུབ་འབྲས།
2020.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

 སྔོ་ལྗང་གི་རི་ཆུ་སྲུང་ནས་གསེར་རི་དངུལ་རི་བསྐྲུན།

2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། “མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་པ།  སྦས་ཤུགས་ཆེས་ཆེ་བའང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སྟེང་བཞག་ནས་དམ་འཛིན་བྱ་དགོས་ཤིང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱ་དགོས་ཞེས་གསུངས་མྱོང་།

ལོ་ཤས་རིང་མཚོ་སྔོན་གྱིས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཁེལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཏེ། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད། “དཔལ་འབྱོར་གྱི་རྣམ་པ་བཞི་”ཡི་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། མཚོ་སྔོན་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དུས་རབས་ཀྱི་ངོ་མཚར་ལེའུ་བརྩམས།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་།

གསར་འགོད་པ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཆ་འཕྲིན་ལྟེ་གནས་སུ་བཅར་འདྲིར་བསྐྱོད་པ་ན།   ལོ་བཞིའི་ཡར་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་དང་མཛུབ་སྟོན་གནང་སྐབས་ཀྱི་རྣམ་པ་དེ་སྔར་བཞིན་ཚང་མའི་མིག་ལམ་དུ་མངོན་ཡོང་།  ད་ལྟ། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”ལྟ་ཞིབ་ཚད་ལེན་ས་ཚིགས38དུ་འཕར་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁུལ་ཆེན་པོ་ལྔ་འདུས་ཡོད་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་བྱས་རྗེས་ཙམ་མ་ཡིན་པར། དེ་བས་ཀྱང་ཕྱི་ཕྱོགས་སུ་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་མཚོན་པར་བྱེད་པའི་སྐར་ཁུང་ཞིག་ཡིན་པ་དང་སྐྱེ་ཁམས་ཀྱིས་མཚོ་སྔོན་འདི་ཉིད་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་བར་བྱས་ཡོད།

མཚོ་སྔོན་ནི་སའི་གོ་ལའི་སྣེ་གསུམ་པར་གནས་ཤིང་། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད” ཀྱི་མཚན་སྙན་རྒྱས་ཡོད་པས། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཁྲོད་གོ་གནས་ཧ་ཅང་གལ་ཆེན་བཟུང་ཡོད། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱེད་ཐབས་གསལ་བོར་མཐོང་ཐུབ་ལ། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཧུར་ཐག་གིས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར“མཚོ་སྔོན་གྱི་ལེགས་སྐྱེས” འབུལ་བཞིན་ཡོད།

2019ལོའི་ཟླ6པར་མཚོ་སྔོན་གྱིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས། 2019ལོའི་ཟླ8པར་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཟི་ལིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན་གྱི《ཟི་ལིང་གི་ཐུན་མོང་ངོས་འཛིན》གྲུབ་པ་དང་། ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས།  ཡུན་རིང་མ་འགོར་བར། མཚོ་སྔོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་“གོམ་སྟབས་གསུམ”གྱི་འཐབ་ཇུས་ལ་བརྟེན་ནས་ཀྲུང་གོའི་མཚེའུ་ཡག་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས།

དེང་སྐབས་ཀྱི་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མ་སྤེལ་བ་ནས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་ཐོག་མ་འཛུགས་སྐྲུན་བྱེད་པའི་བར། རང་འགུལ་གྱིས་ཉམས་མྱོང་བསྐྲུན་པ་དང་ཚད་ཤིང་འཛུགས་པའི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་སྟེ། བྱ་སྤྱོད་དངོས་ཀྱི་ཁྲོད་ནས་སྐྱེ་ཁམས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་།

ད་ལྟའི་མཚོ་སྔོན་དུ་འཛམ་གླིང་སྟེང་རྒྱ་ཁྱོན་ཆེ་ཤོས་ཀྱི་མཐོ་སྒང་བརླན་ས་དང་། མཐོ་སྒང་རྩྭ་ཐང་། སྡོང་ཕྲན་ནགས་ཚལ་སོགས་སྐྱེ་ཁམས་མ་ལག་ཡོད་པ་དང་། ཆུ་ངོས་དང་། བརླན་ས། ནགས་ཚལ་དང་རྩྭ་ཐང་བཅས་ཀྱི་སྔོ་ལྗང་བར་སྟོང་གི་བསྡུར་ཚད70%ལས་བརྒལ་བ། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་མཇུག་འགྲིལ་ནས་སྤྱི་གླིང་སྐྲུན་པའི་འགག་རྩའི་དུས་མཚམས་སུ་སླེབས་ཤིང་། གསའ་དང་། གཙོད། དགོ་བ་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་དྭགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོདཔ་དང་། མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་གསོག་ཚད་ལོ་བསྟུད་མར་འཕར་སྣོན་འབྱུང་བཞིན་ཡོད།

གལ་ཆེ་བའི་སྐྱེ་ཁམས་ཐོན་ཁུངས་ཀྱིས་མཚོ་སྔོན་གྱི་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ཁོར་ཡུག་བསྐྲུན་ཞིང་། མཚོ་སྔོན་མི་དམངས་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་འགན་འཁྲི་དང་འོས་འགན་བསྩལ་ཡོད། ད་ལྟའི་མཚོ་སྔོན་གྱིས་སྐྱེ་ཁམས་ལ་བརྟེན་ནས་འཛམ་གླིང་གི་མི་བུ་ཀུན་ལ་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཡིད་ཆེས་ཆེན་པོ་གང་ལེགས་སྒོས་མངོན་ཡོད།

དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས།

འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གླིང་སྣེའི་ས་ཁུལ་གྱི་ཆུ་བོའི་འགོ་ཁུངས་ནས་ཕྱིར་བཞུར་སྐབས། གནས་འདི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་གནས་གལ་ཆེན་ཞིག་ཏུ་གྱུར་ཞིང་།  དུས་རབས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་བསྟུན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྩོད་སྒྲུབ་གཅིག་གྱུར་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་གྱིས“ དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར”ཁག་ཐེག་བྱ་རྒྱུ་དེ་དུས་རབས་ཀྱིས་བསྩལ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།

བསོད་བསོད་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན། ལོ་ཁ་ཤས་འགོར་མོད། འོན་ཀྱང་ 2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས“མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”གི་བརྙན་རིས་དྲ་སྦྲེལ་བརྒྱུད་ནས་མཛུབ་སྟོན་གནང་བའི་རྣམ་པ་དེ་ཡང་བསྐྱར་གླེང་སྐབས་ཁོ་ལ་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་ཚུགས་པ་ནས་ད་ལྟའི་བར་དུ།   སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་བརྒྱུད་ནས་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་མངོན་འགྱུར་བྱུང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་དམངས་ཡོངས་ཀྱི་ཐུན་མོང་གི་ངོས་ ཟིན་ཞིག་ཏུ་གྱུར་ཡོད།

2015ལོའི་ཟླ12པར། 《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར》གྲོས་ཞིབ་བྱས་ནས། 2016ལོའི་ལོ་འགོར། རྒྱལ་ཡོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་བྱེད་འགོ་ཚུགས་པ་དང་། གཙང་གསུམ་ས་ཁུལ་དེ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཀྱི་གཙོ་གནད་ཁྲོད་དངོས་སུ་བཀོད།

ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན31ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་ཤིང་། སྒྲིག་སྲོལ་དང་རྐྱེན་སྲོལ་གསར་བསྐྲུན་དང་། སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས་དང་འགན་སྲུང་སོགས་ཁྱབ་ཁོངས་གལ་ཆེན་དང་གནད་འགག་གི་བརྒྱུད་རིམ་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་པོ9གཏན་འཁེལ་བྱས་ཤིང་། དོ་དམ་མ་ལག15རིམ་བཞིན་གྲུབ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད།

གླེང་འོས་པ་ཞིག་ནི། རྨ་འབྲི་རྫ་གསུམ་འབྱུང་ཡུལརྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་བབ་དང་བསྟུན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ལེགས་པོ་བྱས་ཤིང་། སྔོན་ཆད་ཀྱི་རྩྭ་ཐང་བཀོལ་སྤྱོད་མཁན་དེ་ད་ལྟའི་རྩྭ་ཐང་སྲུང་སྐྱོབ་ མཁན་དུ་གྱུར་ཡོད། མིག་སྔར་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཡོད་པ་དང་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང“ཁྱིམ་ཚང་རེར་ལས་རྐང་རེ”ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་མདོ་ལ་རིང་མོའི་བར་དུ་ནགས་ཚལ་དང་རྒྱ་མཚོ། སྐྱེ་དངོས་རིགས་བཅས་ཕུན་སུམ་ཚོགས་པོ་ཡོད་ལ། དེ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས2017ལོར། མཚོ་སྔོན་འདི་ཉིད་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཏུ་གྱུར་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་བཏང་ཡོད། ཚོད་ལྟའི་ལས་འགན་སྣ་ཚོགས་གཏིང་ཟབ་ཏུ་སྐུལ་སྤེལ་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་སུ“རྒྱལ་ཁབ་སྤྱི་གླིང་ཟུང”གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་འཁུར་བཞིན་ཡོད།

རྒྱལ་ཡོངས་སུ་འདྲ་བཟོ་བྱེད་རུང་བ་དང་ཁྱབ་གདལ་གཏང་ཆོག་པའི་ཉམས་མྱོང་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ད་ལྟ་སྡེ་ཁག་མང་པོས་དོ་དམ་བྱེད་པའི་རྣམ་པ་གཏོར་ནས་ཁྲིམས་བསྟར་ལྟ་སྐུལ་དོ་དམ“ཐར་ཐོར་ཅན་”གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་ལེགས་པོ་བྱས་ཤིང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་ལག་ལེན་དུ་གྱུར་པ་མ་ཟད། མཚོ་སྔོན་གྱིས་རྒྱལ་ཡོངས་ལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དཔེ་དབྱིབས་འདོན་སྤྲོད་བྱས།

སྦས་ཤུགས་སྔོག་འདོན་བྱས་ནས་ལྗང་མདོག་གི་ནུས་པ་ཐོན་པར་བྱས།

ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་འབུམ་གཅིག་ཁྲི་བརྒྱད་ལྷག་ཟིན་ཡོད། ལོ་རེའི་སྐྱེ་ཁམས་ཞབས་ཞུའི་རིན་ཐང་སྒོར་དུང་ཕྱུར་སྟོང་བདུན་སུམ་བརྒྱ་ཡིན་པ་དང་། རང་བྱུང་ཐོན་ཁུངས་ཀྱི་གྲངས་ཚད་གཏན་འཁེལ་བྱེད་པའི་ཁྲོད་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འགྱུར་ཚད་དང་འཕར་ཚད་ཆེ་ཤོས་འཚོལ་ཞིབ་བྱས་ཡོད།  མཚོ་སྔོན་ཞིང་ཆེན་གྱིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་ཚུགས་ཏེ་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཤིང་། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་སོགས་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བ་དང་། སྐྱེ་ཁམས་དཔལ་འབྱོར་དང་། འཁོར་སྐྱོད་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར།  ས་ཁོངས་དཔལ་འབྱོར་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བ་དེ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ཡོད།

ཉེ་སྔོན། མཚོ་སྔོན་ནས་ཧོ་ནན་བར་གྱི་སྟོང་ཧྥུ800ཡི་མཐོ་གནོན་ཐད་རྒྱུག་བཟོ་སྐྲུན་དངོས་སུ་ལག་བསྟར་བྱེད་འགོ་ཚུགས།  འཛམ་གླིང་གི་ནུས་རྒྱུ་གཙང་མའི་སྐྱེལ་འདྲེན་བགྲོད་ལམ་ཐོག་མ་ཡིན་པའི་ཆ་ནས།  ལོ་རེར་གློག་སྤྱོད་ཚད་སྟོང་ཝ་དུང་ཕྱུར་400ཟིན་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པར་མ་ཟད། ནུས་ཁུངས་གཙང་མའི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། དེ་དང་འདྲ་བར་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན་པ་ནི། “ལྗང་མདོག་གློག་གཏོང་ཉིན7”ནས“ལྗང་མདོག་གློག་གཏོང་ཉིན9”དང“ལྗང་མདོག་གློག་གཏོང་ཉིན15”བར་དང་། དེ་ནས་ད་ལོའི“ལྗང་མདོག་གློག་གཏོང་ཉིན་བརྒྱའི”བར་བཅས། ཐེངས་རེ་རེར་འཕར་བ་ནི་གྲངས་ཀ་ཁོ་ན་མིན་པར་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བྱས་རྗེས་ཀྱང་ཡིན་པ་རེད།

དེ་དག་ནི་ནུས་ཁུངས་གཙང་མའི་འདེགས་སྐྱོར་བརྟན་པོ་ལས་བྱུང་བ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་དྭངས་གཙང་དྲོད་རླངས་མཁོ་འདོན་གྱི་དཔེ་སྟོན་རྫོང་དངོས་སུ་སྐྲུན་འགོ་ཚུགས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭངས་གཙང་དྲོད་རླངས་མཁོ་འདོན་གྱི་དཔེ་དབྱིབས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས།

སྦས་ཤུགས་སྔོག་འདོན་བྱས་ནས་ལྗང་མདོག་གི་འགུལ་ནུས་འདོན་སྤེལ་བྱས། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཏེ། ནོར་ནག་དང་། བོད་ལུག  ནས།  ཉ་སོགས་མཐོ་སྒང་གི་ཁྱད་ལྡན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ལས་སྐུལ་སྤེལ་བྱས་ཤིང་།  རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་འཛུགས་སྐྲུན་བྱས།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་དཔེར་བཞག་ན། ནོར་ནག་ཐོན་སྐྱེད་མ་ལག་དང་། ལས་སྣོན་མ་ལག  བདག་གཉེར་མ་ལག་བཅས་ཀྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་མགྱོགས་མྱུར་ངང་བསྐྲུན་ནས། “རྩེ་ཁོག་ནོར་ནག”དེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་སུ་ཁས་ ལེན་བྱས་ཤིང་། “ཤོ་ཏོ་ནོར་ནག”དེ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་མིང་གཞུང་དུ་བཀོད་པ་རེད།

དེར་མ་ཟད་མཚོ་སྔོན་ཚྭ་འདམ་གཞོང་གི་འཕང་འབྲས་ད་ལོ་ཀྲུང་གོའི་ས་ཁམས་མཚོན་རྟགས་ཐོན་རྫས100ཡི་གྲས་སུ་ཚུད་པར་མ་ཟད།  ཡོ་རོབ་མནའ་འབྲེལ་གྱི་སྲུང་སྐྱོབ་སྤུས་རྟགས་མིང་གཞུང་དུ་བཀོད་པ་རེད། མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ཀྱི་འཕང་འབྲས་ཐོན་ཁུལ་ཆེ་གྲས་གཉིས་པར་གྱུར་པ་དང་ཚྭ་འདམ་གཞོང་གི་འཕང་འབྲས་དེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་ཕུགས་འདུན་མངོན་འགྱུར་བྱེད།  མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ནི་མིག་མཐོང་ལག་ཟིན་གྱི་སྐྱེ་ཁམས་བདེ་སྐྱིད་ཅིག་རེད། ད་ལྟ་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མིང་བྱང་འཁྱེར་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་སྐྱེ་ཁམས་ཀྱི་མཛེས་བ་  མངོན་བཞིན་ཡོད་ལ། དེ་སྔའི་རྒྱང་ཐག་རིང་བའི་ས་ཆ་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དུ་གྱུར་པ་དང་དེ་སྔའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་ཁྲོད་བསྡུར་ཚད་ཧ་ཅང་ཆུང་བའི་ཞིང་ཆེན་འདི་ཉིད་མིང་དོན་མཚུངས་པའི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཏུ་གྱུར་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།