སྡེ་ཁག་མང་པོས་དོ་དམ་བྱེད་པའི་རྣམ་པ་ཡོངས་སུ་བསྒྱུར།
2020.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

 མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་ཞིང་། མཛེས་སྡུག་གི་ཀྲུང་གོའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཀྱང་ཡིན།

དམིགས་བསལ་གྱི་སྐྱེ་ཁམས་ནུས་པ་དང་། ཚོར་སྣང་སྐྱེན་པའི་སྐྱེ་ཁམས་ཁོར་ཡུག  ཚབ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་ཀྱི་འཐབ་ཇུས་གོ་གནས་བཅས་ལས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་མཚོ་སྔོན་གྱི་དུས་གཏན་གྱི་བརྗོད་དོན་གཙོ་བོར་གྱུར་ཡོད།  སྐྱེ་ཁམས་སྲུང་སྐྱོབ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆེ་ཕྱོགས་ལ་འབྲེལ་བ་ཡོད་པར་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་དང་རྒྱུན་མཐུད་འཕེལ་རྒྱས་ལའང་འབྲེལ་བ་དམ་པོ་ཡོད།

2016ལོའི་ལོ་འགོར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་ཇུས་གཞི》དངོས་སུ་པར་འགྲེམས་བྱས་པ་དང་ཆབས་ཅིག  རྒྱལ་ཡོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་པོ་མཚོ་སྔོན་དུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།  མཚོ་སྔོན་གྱིས་རྒྱལ་ཡོངས་ལ་ཉམས་མྱོང་གསར་གཏོད་དང་ཐབས་ལམ་འཚོལ་བའི་འགན་འཁྲི་གལ་ཆེན་འཁུར་ཡོད། གོ་སྐབས་དང་འགྲན་སློང་གི་མདུན་དུ་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཟོལ་མེད་དུ་ཁུར་ནས“ གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར”ཁག་ཐེག་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག  སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་དང་འཚོལ་ཞིབ་ཀྱི་ལམ་བུ་ཞིག་བསྐྲུན་ཡོད།

དོ་དམ་སྒྲིག་སྲོལ་གསར་གཏོད་ཐད་ཐོད་བརྒལ་མངོན་འགྱུར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་སྲོལ་སྡེབ་སྒྲིག་དང་འབྲེལ་མཐུད་དོ་དམ་མ་ལག་བཙུགས་ཤིང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ད་ཡོད་སྒྲིག་ཁོངས་ཁྲོད་ནས་སྒྲིག་ཁོངས409ལེགས་སྒྲིག་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་། འབྲི་ཆུའི་འགོ་ཁུངས།  རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས་བཅས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། འབྲི་སྟོད་དོ་དམ་ཁྲུའུ། ཆུ་དམར་ལེབ་དོ་དམ་ཁྲུའུ། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་དང་དེ་བཞིན་རྒྱལ་ཁབ་སྤྱི་གླིང་ཁོངས་གཏོགས་ཀྱི་ཞང་གྲོང12ཀྱི་སྲུང་སྐྱོབ་དོ་དམ་ས་ཚིགས་དང་། སྡེ་བ་རིམ་པའི་དོ་དམ་སྲུང་སྐྱོབ་རུ་ཁག  དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཁག་ཆུང་བ་བཅས་ལས་གྲུབ་པའི་རྒྱལ་ཁབ་སྤྱི་གླིང་སྲིད་འཛིན་གྱི་རིམ་པ་ལྔའི་དོ་དམ་མ་ལག་བཙུགས་པ་རེད། གླིང་ཁུལ་གྱི་ནགས་ལས་དང་། རྒྱལ་ཁབ་ས་ཁོངས། ཁོར་ཡུག་སྲུང་སྐྱོབ། ཆུ་བེད།  ཞིང་ཕྱུགས་སོགས་སྡེ་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དང་དོ་དམ་འགན་འཁྲི་གཅིག་གྱུར་གྱིས་དོ་དམ་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ། སྲིད་ཇུས་སྣ་མང་ཐོན་པ་དང་། འགན་ནུས་སྣོལ་བ།  འགན་འཁྲི་ཁག་བགོས་བཅས་ཀྱི་དོ་དམ་སྒྲིག་སྲོལ་གྱི་སྐྱོན་ཆ་རྩ་བ་ནས་ཐག་བཅད།

མིག་སྔར་ས་གནས་སྲིད་གཞུང་དང་འགན་དབང་གི་འབྲེལ་བ་མཐུན་སྦྱོར་ཐུབ་པ་དང་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཁོངས་གཏོགས་ཁུལ་སྲིད་གཞུང་གི་འགན་གཉིས་དང་ལེན་བྱས་ཡོད། ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་དང་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། དོ་དམ་ཁྲུའུ་བཅས་ཀྱི་འགོ་ཁྲིད་ཀྱིས་འགན་སྣོལ་མར་འཁུར་ཏེ། རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞིའི་ནུས་པ་གཙོ་བོ་འདོན་སྤེལ་བྱས་པ་མ་ཟད། ས་གནས་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་ཡོད།

གཞན་ད་དུང་མཚོ་སྔོན་ཞིང་ཆེན་གྱིས་བར་སྟོང་སྡེབ་སྒྲིག་ལ་དམིགས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ་ཀྱི་རྩ་དོན་གཞིར་བཟུང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་དང་ལེགས་བཅོས་སྡེབ་སྒྲིག་བྱས་ཤིང་། རིམ་པ་དང་པོའི་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་དམིགས་ཚད་ཁ་གསལ་བཟོ་བ་དང་རིམ་པ་གཉིས་པའི་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་པའི་གཞི་རྩའི་བསམ་ཕྱོགས་གཞིར་བཟུང་ནས། གླིང་ཁུལ་གྱི་སྔར་ཡོད་རིགས་6གི་སྲུང་སྐྱོབ་བྱ་ཡུལ15མིས་བཅད་བཟུང་བྱེད་པའི་སྐྱོན་ཆ་སེལ་ཏེ། གཅིག་བསྡུས་གཅིག་གྱུར་གྱི་དོ་དམ་ལག་བསྟར་བྱེད་པར་ཆ་རྐྱེན་བསྐྲུན།

སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་གཅིག་གྱུར་གྱིས་རྐྱེན་སྲོལ་གསར་པ་གཉིས་འཚོལ་ཞིབ་བྱས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་སྒྲིག་སྲོལ་ཚོད་ལྟ་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ཅུས་བཙུགས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་ རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཅིག་བསྡུས་གཅིག་གྱུར་གྱིས་དོ་དམ་བྱེད་པ་མངོན་འགྱུར་བྱས།  གཏན་འཁེལ་ཐོ་འགོད་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆུ་རྒྱུན་དང་། གྲམ་ཐང་། རྩྭ་ཐང་། ནགས་ཚལ། ས་རྒོད། རི་བོ་སོགས་རང་བྱུང་ཐོན་ཁུངས་ཀྱི་མཐའ་མཚམས་གྲུབ་འབྲས་དང་།  རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དང་རྒྱལ་ཁབ་ས་ཁོངས་བར་སྟོང་གི་སྤྱོད་སྒོ་གཅིག་གྱུར་གྱིས་སྤྱོད་པ་གཉིས་མངོན་འགྱུར་བྱེད་པའི་ཐད་ལག་ལེན་གྱི་འཚོལ་ཞིབ་བྱས་ཡོད།

ད་ལྟའི་བར་དུ་མཁྲེགས་གཏོར་དཀའ་སེལ་གྱི་འགུལ་སྐྱོད་རེ་རེའི་ཁྲོད། སྒྲིག་སྲོལ་དང་རྐྱེན་སྲོལ་རེ་རེ་གསར་གཏོད་བྱེད་པའི་ཁྲོད་དུ་“སྡེ་ཁག་མང་པོས་བཅོས་སྐྱོང”གི་རྣམ་པ་གཏོར་ནས།    ཁྲིམས་བསྟར་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་རྩ་བ་ནས་ཐག་བཅད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་མཐུན་སྦྱོར་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལག་ལེན་ཞིག་ཏུ་གྱུར་བ་མ་ཟད། མཚོ་སྔོན་གྱིས་རྒྱལ་ཡོངས་ལ་ཕུལ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཉམས་མྱོང་དང་དཔེ་དབྱིབས་ཀྱང་ཡིན་པ་རེད།

2017ལོའི་ཟླ7ཚེས7ཉིན་ཨ་ཆེན་གངས་རྒྱབ《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ཁྲོད་ཚུད་དེ། རང་རྒྱལ་གྱི་ཨང་ང་གཅིག་པར་གྱུར་བར་མ་ཟད་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དུ་གྱུར། 2018ལོའི་ཟླ་དང་པོར། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་འཆར་འགོད་ཡིན་པའི་ངོས་ནས་དངོས་སུ་པར་འགྲེམས་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྱུང་འགྱུར་གྱི་འཕེལ་ཕྱོགས་སྔར་བས་ཁ་གསལ་བཟོས་ཡོད།

ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སླར་གསོ་དང་སྐྱེ་ཁམས་ཁྲིམས་བསྟར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་། ཕྱུགས་སྐྱུར་རྩྭ་འདེབས་སོགས་ཀྱི་བཟོ་སྐྲུན་སྡེབ་སྒྲིག་བྱས་པ་དང་། ས་ནག་ཐང་བཅོས་སྐྱོང་དང་། བརླན་ས་སྲུང་སྐྱོབ། བྱེ་མ་འགོག་བཅོས། རྩྭ་སའི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན། གཏེར་རི་སླར་གསོ་སོགས་སྐྱེ་ཁམས་ལས་གཞི་གཅིག་གྱུར་གྱིས་ལག་བསྟར་བྱས་ཤིང་།  ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་ཚན་རིག་ཁྱབ་གདལ་སློབ་གསོའི་ཞབས་ཞུའི་སྒྲིག་བཀོད་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་བྱས་པས། བཟོ་སྐྲུན་ཆེན་པོར་བརྟེན་ནས་སྲུང་སྐྱོབ་ཆེན་པོར་སྐུལ་འདེད་དང་། སྲུང་སྐྱོབ་ཆེན་པོར་བརྟེན་ནས་ཉམས་གསོ་ཆེན་པོར་སྐུལ་འདེད་བྱེད་པ། ཉམས་གསོ་ཆེན་པོར་བརྟེན་ནས་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་བྱེད་པའི་གནས་སྟངས་གྲུབ་ཡོད།

དུས་མཚུངས་སུ།  ནགས་ཚལ་སྤྱི་བདེ་དང་། རྒྱལ་ཁབ་མངའ་ཁོངས་ཁྲིམས་འཛིན། ཁོར་ཡུག་ཁྲིམས་འཛིན། རྩྭ་ཐང་ལྟ་སྐུལ་དོ་དམ། ཉ་ལས་ཁྲིམས་འཛིན་སོགས་ཁྲིམས་འཛིན་ལས་ཁུངས་སྡེབ་སྒྲིག་བྱས་ཏེ། གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་དང་ཁྲིམས་འཛིན་ལྟ་སྐུལ་ཁྲུའུ་བཙུགས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་བཙུགས་ནས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་འདྲི་གཅོད་ལས་དོན་ལག་བསྟར་བྱས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ར་བཙུགས་ནས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སོགས་བཅའ་ཁྲིམས་ཁྲིམས་སྲོལ་འགྲེམ་སྤེལ་བྱས་པ་དང་། ཞིང་སྡེ་རྨང་གཞི་ཡིན་པ་དང་ས་གནས་མང་ཚོགས་གཙོ་གནད་ཡིན་པའི“ གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི”རྒྱལ་ཁབ་སྤྱི་གླིང་གི་ཉིན་རྒྱུན་གྱི་སྐོར་སྲུང་མ་ལག་བཙུགས་ཤིང་། ཞིན་ཅང་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ་བཅས་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཉམ་འབྲེལ་ཁྲིམས་འཛིན་བྱ་བའི་རྐྱེན་སྲོལ་བཙུགས།

དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྔར་ཡོད་ལྟ་ཞིབ་ཚད་ལེན་ཐོན་ཁུངས་ཀྱི་རྨང་གཞིའི་སྟེང་། “ གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་བཏང་བས། རྒྱལ་ཁབ་སྤྱི་གླིང་དུ་རྒྱུན་མཐུད་ནུས་ལྡན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ནུས་པ་དང་འཁོར་སྐྱོད་རྐྱེན་སྲོལ་གྲུབ་པ་དང་།  སྡེ་ཁག་དང་ཚན་ཞིབ་སྒྲིག་གཞིའི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ“འཕྲིན་གཏོང་དང་། ཕྱོགས་སྟོན། རྒྱང་ཚོར་བཅས་གཞི་གཅིག་ཅན”གྱི་རིག་ལྡན་རྒྱལ་ཁབ་སྤྱི་གླིང་གི་ཆ་འཕྲིན་མ་ལག་ཅིག་གྲུབ་ཡོད། འཁོར་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་དང་། རིགས་ཁག་གི་འཛུགས་སྐྲུན་བྱ་འགུལ་ཆོག་འཐུས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་དེ་བཞིན་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཁྱབ་ཁོངས་ནང་གི་མིའི་རིགས་འགུལ་སྐྱོད་ཀྱི་རྗེས་ཤུལ་གྲངས་མཛོད་བཙུགས་ཡོད།

ད་ལྟ་ལས་ཀའི་གྲུབ་འབྲས་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་ཆེན་པོ་ཞིག་ཏུ་གྱུར་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་གི་ཆེ་ཕྱོགས་གྲུབ་ཚུལ་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་པ་དང་། རྩྭ་ས་ཞན་འགྱུར་གྱི་གནས་བབ་ཇེ་བཟང་དུ་སོང་ཡོད། ལྟག་ཆུ་འཁྱིལ་གསོག་གི་ནུས་པ་ཇེ་ཆེ་དང་བརླན་སའི་རྒྱ་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་ཚད་ལོ་བཅུའི་སྔོན་ལས11%དང་30%ཡན་ཇེ་མཐོར་སོང་བ་དང་། རི་དྭགས་གཙོད་དེ་དུས་རབས་20པའི་ལོ་རབས་80པའི་ནང་གི་ཁྲི2ཙམ་ནས་ཁྲི7ལྷག་ཏུ་འཕར་ཡོད།

ད་ལྟ།  མི་མང་པོ་ཞིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད།  ཁོ་ཚོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུ་དང་སྐྱེ་དངོས།  རི་སྐྱེས་སྲོག་ཆགས་བཅས་ལ་སྲུང་སྐྱོབ་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད།

བསྟན་རྒྱལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མཚོ་ཁྲི་སྡེ་བའི་མི་ཡིན་ཞིང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན་ནས།  ཁོ་རང་ཕྱུགས་རྫི་ཞིག་ནས་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར། ཁོ་ཚོའི་སྡེ་བར་ཁོ་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ100ལྷག་ཡོད་ལ།  ཁོ་ཚོ་རང་འགུལ་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ད་ལྟ་བསྟན་རྒྱལ་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་ལས་བརྒལ་ཡོད།  ཁོ་ཚོས་ཟླ་རེར་གཏན་འཇགས་ཀྱི་གླ་ཕོགས་ལེན་བཞིན་ཡོད་པས། འཚོ་བའི་ཆ་རྐྱེན་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། “ཏན་ཏན་ཏིག་ཏིག་བཞིའི་”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་”ཀྱི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། མིག་སྔར། རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་དཔང་ཡིག་བཟུང་ནས་ལས་གནས་སུ་ཞུགས་པ་དང་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་སུ“ ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་མངོན་འགྱུར་བྱུང་ཡོད།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་གཉིས་ལ་ཕན་ཁེ་ཐོབ་འི་ལམ་བུ་འཚོལ་ཞིབ་བྱས།  མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་གནད་འཁེལ་དབུལ་ཐར་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་ཆབས་ཅིག   གླིང་ཁུལ་དུ“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག” ལྟར་ཁག་གཅིག་བསྡུ་བ་དང་།  རྩལ་ནུས་གསོ་སྦྱོང་གི་ལས་གནས་བརྗེས་ནས་ཁག་གཅིག་བསྡུ་བ། དམིགས་བསལ་ཆོག་འཐུས་བདག་གཉེར་ཁྲོད་ཁག་གཅིག་བསྡུ་བ། ལས་གཞི་འཛུགས་སྐྲུན་ཁྲོད་ཁག་གཅིག་བསྡུ་བ། སྲོལ་རྒྱུན་ཐོན་ལས་རིམ་སྤོར་ཁྲོད་ཁག་གཅིག་བསྡུ་བ་བཅས་ཀྱི་དབུལ་སྐྱོར་དཔེ་དབྱིབས་ལག་བསྟར་བྱས་ཏེ།   ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་ནས་བརྟན་འཇགས་ཀྱི་ཡོང་འབབ་མངོན་འགྱུར་བྱས།  ནོར་སྲིད་ཀྱི་ཆེད་དམིགས་མ་དངུལ་དང་། ལས་རིགས་ཀྱི་དབུལ་སྐྱོར་མ་དངུལ། ས་གནས་ཀྱི་ཆ་ཚང་མ་དངུལ། དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་ཀྱི་རོགས་སྐྱོར་དང་མཚོ་སྐྱོར་མ་དངུལ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། “གནས་དྲུག་གཞི་གཅིག་”གི་དངུལ་གཏོང་འགན་སྲུང་རྐྱེན་སྲོལ་ཆགས་པར་བྱས་ཡོད། ལོ་རེར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་བཏང་བའི་དབུལ་སྐྱོར་མ་དངུལ་འཕར་ཚད་20%ལས་མི་དམའ་བ་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད།

དེ་དང་ཆབས་ཅིག་སྐྱེ་ཁམས་སྲུང་སྐྱོབ་དང་ལས་སྒྱུར་ལས་ཞུགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་རྐྱེན་སྲོལ་བཙུགས་ནས“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་མངོན་འགྱུར་བྱས་བའི་རྨང་གཞིའི་ཐོག “སྐྱེ་ཁམས་ལྟ་སྲུང་དང་། གཞི་རིམ་ཏང་འཛུགས་སྐྱོང་། གནད་འཁེལ་དབུལ་ཐར།  བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན་བཅས་ཟུང་དུ་འབྲེལ་བའི”གནས་དྲུག་གཞི་གཅིག་གི་སྐྱེ་ཁམས་ལྟ་སྲུང་དཔེ་དབྱིབས་བཙུགས་པ་དང་།  རྩ་འཛུགས་ཅན་གྱི་དོ་དམ་སྲུང་སྐྱོབ་དང་དྲ་མིག་ཅན་གྱི་སྐོར་ཞིབ་ལ་སྐུལ་འདེད་བཏང་ཞིང་། ཞང་གྲོང་གི་དོ་དམ་སྲུང་སྐྱོབ་ས་ཚིགས་དང་། སྡེ་བ་རིམ་པའི་དོ་དམ་སྲུང་སྐྱོབ་རུ་ཁག དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཁག་ཆུང་བ་བཅས་བཙུགས་ཏེ། རུ་དར་དང་སྐོར་སྲུང་དཔུང་རྟགས། ལས་གནས་དཔང་ཡིག  སྐོར་སྲུང་ཉིན་ཐོ།   འཕྲུལ་རྟ་རུ་ཁག   སྐོར་སྐྱོད་སྦྲ་གུར། སྨྱན་མང་གཟུགས་བཅས་ཀྱི་མ་ལག་ལ་བརྟེན་ནས།   གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི་ཡུན་ཕན་དོ་དམ་སྲུང་སྐྱོབ་མ་ལག་བཙུགས།

གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྡོད་ཁུལ་མཉམ་སྐྲུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འོག་གི་སྡོད་ཁུལ་གསར་པ་འཛུགས་པ་དང་། སྡོད་ཁུལ་གྱིས་ཐུན་མོང་དུ་དོ་དམ་བྱེད་པའི་གྲོས་མཐུན་ཁྱབ་སྤེལ་བྱས་ཤིང་།  ཁྱིམ་འབྲེལ་གཉེར་སྐྱོང་ལག་བསྟར་བྱས་ནས་ཁྱིམ་ཚང་ཕྱུགས་ར་འཕེལ་རྒྱས་སུ་བཏང་། ཧུར་ཐག་གིས་རྫ་ཆུའི་གྲོག་རོང་ཆེན་མོ་དང་རྨ་ཆུའི་འགོ་ཁུངས་འཚོལ་ཞིབ་སོགས་སྐྱེ་ཁམས་མྱོང་རོལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱ་འགུལ་སྤེལ་བས། འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཇེ་མཐོར་སོང་། འབྲོག་པས་སྡོད་ཁུལ་སྡེ་ཚན་དུ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ་སོགས་ཀྱི་ལས་དོན་སྒྲུབ་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་པ་དང་། འབྲོག་པ་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་དོ་དམ་ཁྲོད་ཞུགས་ནས་ཕན་འབྲས་ཐོབ་པ་དང་རྒྱལ་ཁབ་སྤྱི་གླིང་གི་ལྟ་སྲུང་པར་འགྱུར་བར་སྐུལ་འདེད་བཏང་།

ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཐོག་མའི་རང་བཞིན་གྱི་བཅོས་སྒྱུར་ལག་ལེན་རབ་དང་རིམ་པ་སྤེལ་བའི་ཁྲོད་མཚོ་སྔོན་མི་དམངས་ཀྱིས “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བའི”འགན་འཁྲི་འཁུར་ཐུབ་པ་དང་། འཛམ་གླིང་སྐྱེ་བོ་ཀུན་ལ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཉམས་འགྱུར་གསར་པ་མངོན་པར་བྱས་ཡོད།

ལོ་ཙཱ། སྒྲོལ་མ་སྐྱིད།