སྔོ་ལྗང་གི་རི་ཆུ་བསྲུངས་ཏེ་གསེར་རི་དངུལ་རི་བསྐྲུན་པ།
2020.12.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ནན་གྱིས་གསུངས་དོན། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་དེ་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་དེའང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གཙོ་གནད་དུ་བཞག་སྟེ་དམ་འཛིན་བྱེད་དགོས་པ་དང་། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་གཏོང་བ་དང་། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས།”

ལོ་འགའི་རིང་ལ། མཚོ་སྔོན་གྱིས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གཏིང་ཟབ་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཧུར་ཐག་གིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་བྱས་པ། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་པར་གཅིག་གྱུར་འཆར་འགོད་བྱེད་པའི་དངོས་ཡོད་ལག་ལེན་ཁྲོད། “དཔལ་འབྱོར་གནས་སྟངས་རིགས་བཞི”ཡི་ཁྲིད་སྟོན་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོ་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་བྲིས།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་བ།

གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཆ་འཕྲིན་ལྟེ་གནས་སུ་སོང་སྟེ་བཅར་འདྲི་བྱེད་སྐབས། ལོ་བཞིའི་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་བྱོན་ཏེ་གཟིགས་ཞིབ་དང་མཛུབ་སྟོན་བྱེད་སྐབས་ཀྱི་རྣམ་པ་རེ་རེ་ཚང་མའི་སེམས་སུ་སྔར་བཞིན་གསལ་ལྷང་ངེར་གནས་ཡོད། དེང་སྐབས།“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”གི་ལྟ་ཞིབ་ཚད་ལེན་ས་ཚིགས་སོ་བརྒྱད་ལ་འཕར་ཟིན་པ་དང་། དེར་མ་ཟད་རང་ཞིང་གི་སྐྱེ་ཁམས་དུམ་བུ་ཆེན་མོ་ལྔ་ཁེབས་ཡོད་པ་འདི་ནི་རང་ཞིང་གིས་ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་ལག་རྗེས་རྐྱང་རྐྱང་མ་ཡིན་པར། དེ་བས་ཀྱང་ཕྱི་ཕྱོགས་ལ་མཚོ་སྔོན་གྱི་སྣང་བརྙན་སྟོན་པའི་སྒེའུ་ཁུང་ཞིག་ཡིན་པས། སྐྱེ་ཁམས་ཀྱིས་མཚོ་སྔོན་མཛེས་པར་བརྒྱན།

2019ལོའི་ཟླ་དྲུག་པར། མཚོ་སྔོན་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་གནས་ཀྱི་མ་ལག་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་མགོ་ཚུགས་ཤིང་། 2019ལོའི་ཟླ་བརྒྱད་པར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་དེ་ཟི་ལིང་དུ་བསྡུས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཡོང་། དེར་མ་ཟད་གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན《ཟི་ལིང་ཐུན་མོང་ངོས་འཛིན》ཞེས་པ་གྲུབ། ད་ལོའི་ལོ་སྟོད་དུ། རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་མགོ་བརྩམས་པ་དང་། མཚོ་སྔོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཡོལ་བ་ག་ལེར་ཕྱེ་སྟེ། “གོམ་པ་གསུམ་སྤོ་བའི”འཐབ་ཇུས་ལ་བརྟེན་ནས་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཡི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུ་རེད།

དེང་སྐབས་ཀྱི་མཚོ་སྔོན་གྱིས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་མགོ་བརྩམས་པ་ནས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་བར། རང་འགུལ་སྒོས་ཉམས་མྱོང་བསྐྲུན་པ་དང་ཚད་གཞི་འཛུགས་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཏེ། དོན་དངོས་ཀྱི་འགུལ་སྐྱོད་རེ་རེའི་ཁྲོད་རྒྱུན་ཆད་མེད་པར་སྐྱེ་ཁམས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དངོས་གནས་བརྟན་པོར་བཟོས།

ད་ལྟའི་མཚོ་སྔོན་དུ་འཛམ་གླིང་གི་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་སྒང་བརླན་ས་ཡོད་པ་དང་། མཐོ་སྒང་གི་རྩྭ་ཐང་། སྡོང་ཕྲན་ཚོམ་བུ་དང་ནགས་ཚལ་སོགས་སྐྱེ་ཁམས་མ་ལག་ཡོད་ལ། ཆུ་དང་བརླན་ས། ནགས་དང་རྩྭ་ཐང་བཅས་ལ་ཁེབས་པའི་སྔོ་ལྗང་བར་སྟོང་གི་ཟིན་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ་བ་དང་། ཨ་ཆེན་གངས་རྒྱབ་བདེ་བླག་ངང་འཛམ་གླིང་རང་བྱུང་ཤུལ་བཞག་མིང་ཐོའི་ཁྲོད་ཚུད་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དེ་རིམ་གྱིས་སྤྱི་གླིང་འཛུགས་པ་མཇུག་བསྡུ་བའི་གནད་འགག་གི་དུས་རིམ་དུ་སླེབས་པ་དང་། གསའ་དང་གཙོད། རྒོ་དམར་སོགས་དཀོན་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ཁྱུ་ཚོགས་རིམ་གྱིས་ཇེ་མང་དུ་སོང་ཞིང་། མཚོ་སྔོན་གྱི་ཙོང་ཉའི་ཐོན་ཁུངས་སྦས་ཚད་བསྟུད་མར་ཡར་འཕར་བ་རེད།

སྐྱེ་ཁམས་ཐོན་ཁུངས་གལ་ཆེན་གྱིས་མཚོ་སྔོན་གྱི་ནམ་མཁའ་གཡའ་དག་པ་དང་ཆུ་བོ་དྭངས་མོ་བཅས་ཀྱི་མཛེས་སྡུག་ཁོར་ཡུག་བསྐྲུན་པ་དང་། མཚོ་སྔོན་གྱི་བུ་དང་བུ་མོ་རྣམས་ལ་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོ་བའི་འགན་འཁྲི་དང་ལས་འགན་བསྩལ་ཡོད་ལ། ད་ལྟའི་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་མིང་ཐོག་ནས་མི་རྣམས་ལ་ཐུན་མོང་མ་ཡིན་པའི་འགུག་ཤུགས་དང་ཡིད་ཆེས་མངོན་བཞིན་ཡོད།

“ཆུ་བོ་དྭངས་མོ་ཤར་དུ་བཞུར་བར”ཁག་ཐེག་བྱས།

རྨ་ཆུ་འབྲི་ཆུ་རྫ་ཆུ་བཅས་ནི་འཛམ་གླིང་ཡང་རྩེའི་གཙང་པོའི་མགོ་ཁུངས་ནས་གློ་བུར་དུ་འཕྱུར་ཡོང་བས། གནས་འདི་ནི་གལ་ཆེ་ལ་དམིགས་བསལ་གྱི་སྐྱེ་ཁམས་གནད་ས་ཞིག་ཏུ་གྱུར་པ་དང་། དུས་རབས་འཕེལ་རྒྱས་ཀྱི་འཕར་རྩ་དང་བསྟུན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྩོད་སྒྲུབ་གཅིག་གྱུར་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་གྱིས“ཆུ་བོ་དྭངས་མོ་ཤར་དུ་བཞུར་བར”ཁག་ཐེག་བྱ་རྒྱུ་དེ་དུས་རབས་ཀྱིས་བསྩལ་བའི་ལས་འགན་ལྕི་མོར་བརྩི་བཞིན་ཡོད།

བསོད་བསོད་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་ལ། ལོ་འགའ་འདས་ཟིན་ནའང་། 2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་ཕེབས་ཏེ་གཟིགས་ཞིབ་གནང་སྐབས་སུ“མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང”གི་བརྙན་ཟློས་སྦྲེལ་མཐུད་བྱས་པའི་ཡུལ་དངོས་ཀྱི་རྣམ་པ་བསྐྱར་དུ་གླེང་སྐབས་ཁོ་ལ་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་འདུག

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དངོས་སུ་ལས་མགོ་བརྩམས་པ་ནས་ད་ལྟའི་བར། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་སྐྱེ་ཁམས་ཐད་ཀྱི་འགྱུར་ལྡོག་ཡོད་ཚད་བསོད་བསོད་ཀྱི་སེམས་སུ་བརྗེད་མེད་ལ། སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་ཐད“ཁྱིམ་གཅིག་ལ་ལས་གནས་གཅིག”དེ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་བསྟུན་ནས། ཁོ་ལ་དངོས་སུ་ཉམས་མྱོང་ཐོབ་པ་ནི། སྔོ་ལྗང་རི་ཆུའི“བཞིན་རས”ཀྱི་འགྱུར་ལྡོག་ཙམ་མ་ཡིན་པར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ཡང་དམངས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་པ་དེའོ།

2015ལོའི་ཟླ་བཅུ་གཉིས་པར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་ཞིབ་བཤེར་གྲོས་འཆམ་བྱུང་ཞིང་། 2016ལོའི་ལོ་མགོར། རྒྱལ་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་པོའི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དངོས་སུ་སྤྱོད་མགོ་ཚུགས་ཤིང་། གཙང་པོའི་མགོ་ཁུངས་ཀྱི་ས་གཞི་ཆེན་མོ་དེ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་གཙོ་གནད་དུ་དངོས་སུ་ཚུད།

ད་ལྟའི་བར་དུ། རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་སོ་གཅིག་ཁྱོན་ཡོངས་ནས་གྲུབ་པ་དང་། སྒྲིག་སྲོལ་ནང་རྐྱེན་གསར་གཏོད་དང་། སྲིད་ཇུས་དང་ལམ་ལུགས་འཐུས་ཚང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་ལེགས་བསྒྱུར་ཁག་ཐེག་སོགས་ཁྱབ་ཁོངས་གཙོ་བོ་དང་དུས་མཚམས་གལ་ཆེན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་མོ་དགུ་བཙུགས་ཏེ། དོ་དམ་མ་ལག་བཅོ་ལྔ་ཐོག་མར་གྲུབ་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཉམས་མྱོང་རྩ་ཆེན་བསགས།

གླེང་རིན་ཡོད་པ་ཞིག་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་ཚུགས་པའི་ཚུན་ལ། རང་ཞིང་གིས་ཡུལ་བབ་དང་བསྟུན་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་འཕེལ་རྒྱས་འཚོལ་ཞིབ་བྱས་ཤིང་། སྔོན་ཆད་ཀྱི་རྩྭ་ཐང་བེད་སྤྱོད་མཁན་ནས་རྩྭ་ཐང་གི་བདག་པོར་གྱུར་པ་སྟེ། མིག་སྔར་འཛིན་བྱང་ཐོགས་ཏེ་ལས་གནས་སུ་ཞུགས་པའི་སྐྱེ་ཁམས་བདག་སྐྱོང་པ་བསྡོམས་པས་མི་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཡོད་ལ། སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་ཐད“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།

གཙང་གསུམ་མགོ་ཁུངས་ནས་མདོ་ལ་རི་བོའི་བར་ནགས་ཚལ་གྱི་རྒྱ་མཚོ་འཁྲིགས་ཤིང་དངོས་རིགས་ཕུན་སུམ་ཚོགས་པོ་ཡོད་པ་ནི། རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན། 2017ལོར། མཚོ་སྔོན་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་ཀྱི་ཞིང་ཆེན་དུ་གྱུར་ཅིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། མཐོ་གནས་ནས་སྐུལ་འདེད་བྱས་ཤིང་། ཚོད་ལྟའི་ལས་འགན་སོ་སོ་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱིས་རྒྱལ་ཡོངས་སུ“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཕྲག་ཏུ་བླངས་ཡོད།

རྒྱལ་ཡོངས་ནས་མིག་དཔེ་བྱེད་ཆོག་པ་དང་། ཁྱབ་སྤེལ་གཏང་ཆོག་པའི་ཉམས་མྱོང་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པའི་ཆེད། ད་ལྟ“མགོ་བདག་མང་པོས་ཆུ་སྐྱོང་བ”ཡི་རྣམ་པ་མེད་པར་བཏང་བ་དང་། ཁྲིམས་འཛིན་ལྟ་ཞིབ“སིལ་བུ་ཅན”གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཏེ། རང་བྱུང་ཐོན་ཁུངས་སྤྱི་ལ་དབང་བ་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་མཐུན་སྦྱོར་ལེགས་པོ་བྱས་པ་ནི། མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི་ལག་ལེན་དུ་གྱུར་པར་མ་ཟད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དཔེ་སྲོལ་ལ་བཞག་པའི་བྱས་རྗེས་ཀྱང་ཡིན་ནོ། །

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།