མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་གསར་སྤེལ་དཔེ་རིས་ལེགས་པར་འགོད་དགོས།
2021.03.18 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 9

 མཚོ་མོ་དྭངས་ཤིང་འདབ་ཆགས་སྤྲིན་བཞིན་འདུ། མཚོ་མོའི་འཇིང་ལ་ཉ་མོའི་གར་གྱི་སྟངས་སྟབས་ངོམ། མཐོ་སྒང་གི་གཡུ་ཡི་མེ་ལོང་དུ་འབོད་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་འདི་ལྟ་བུའི་མཛེས་པའི་ཆ་གང་སར་མཐོང་རྒྱུ་ཡོད་ལ། མི་རྣམས་ལའང་ཡིད་སེམས་འགུག་པའི་རང་བྱུང་གི་མཛེས་པ་མང་པོ་ཞིག་འགྲེམས་སྟོན་བྱས་ཡོད། ད་ལོར། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་འགན་འཁྲི་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི“མཐོ་ས་གསར་པ་བདུན”གཞིར་བཟུང་ནས་འཛུགས་སྐྲུན་བྱ་རྒྱུ་རེད།  རྒྱལ་ཁབ་སྤྱི་གླིང་གི་དཔེར་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་དང་བྱ་བའི་ཇུས་གཞི་གཞིར་བཟུང་སྟེ། ཁྱོན་ཡོངས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་དམིགས་འབེན་ལས་འགན་ལག་བསྟར་གྱི་འགོ་བརྩམས་ཡོད་པས། “མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང”ཞེས་པའི་གསར་སྤེལ་དཔེ་རིས་ལེགས་པོར་བཟོ་དགོས།

མཚོ་སྔོན་པོར“མདོ་དབུས་མཐོ་སྒང་གི་གཞི་རྟེན་མཛོད”ཅེས་པའི་མཚན་སྙན་ཡོད་ལ། ཆུར་གནས་སྲོག་ཆགས་ཀྱི་གཅིག་བསྡུས་རྒྱུད་སྤེལ་བྱེད་གནས་ཤིག་ཀྱང་ཡིན།  དེ་མིན་རྒྱུད་ཆད་ལ་ཉེ་བའི་རི་དྭགས་གཙོད་ཀྱི་གནས་ཡུལ་ཡང་ཡིན་པ་རེད། མཚོ་སྔོན་པོ་ནི་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་མ་ཟད། ཨེ་ཤ་ཡ་དབུས་མ་དང་ཨེ་ཤ་ཡ་ཤར་མའི་དུས་བསྟུན་འདབ་ཆགས་གནས་སྤོར་བྱེད་པའི་ལམ་ཐིག་གི་བསྣོལ་མཚམས་ཡང་ཡིན་པས། མཚོ་སྔོན་པོ་ནི་སྔར་བཞིན་དུས་བསྟུན་འདབ་ཆགས་གནས་སྤོར་བྱེད་པའི་བརྒྱུད་རིམ་ཁྲོད་ངལ་གསོ་བྱེད་སའི་གནས་གལ་ཆེན་ཞིག་ཀྱང་ཡིན།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་སྐུལ་འདེད་བྱེད་པའི་བརྒྱུད་རིམ་ཁྲོད།  མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་བྱེད་སྒོ་སྤེལ་བ་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་གལ་ཆེན་སླར་གསོ། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་སྤྱི་འཛུགས་སྐྲུན་སོགས་ཀྱི་སྲིད་ཇུས་གལ་ཆེན་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཆར་འགོད་ཆེན་པོའི་བཟོ་སྐྲུན་ལས་གཞིའི་ཁྲོད་འཇོག་དགོས་པ་དང་། ཚན་རིག་གི་རྩོམ་སྒྲིག་ལམ་ལུགས་དང་སྐྱེ་ཁམས་སྲུང་སྐྱོབ་གསོག་ཉར་གྱིས་ཚན་རྩལ་ཞིབ་འཇུག་ལ་ལྟ་ཞིབ་ཚད་ལེན་ངང་རང་བྱུང་སློབ་གསོ་དང་རྨང་གཞིའི་སྒྲིག་ཆས་སོགས་བཟོ་སྐྲུན་གལ་ཆེན་གྱི་ལས་གཞི་ལག་བསྟར་བྱ་དགོས་པ་བསྟན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ཚོང་རྟགས་སྔར་ལས་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་པོ་བསྐོར་བའི་ཡུལ་སྐོར་དང་ལྕགས་རྟ་ཞོན་ནས་ཡུལ་སྐོར་བྱེད་པ། གོམ་བགྲོད་ཡུལ་སྐོར་བྱེད་པ་སོགས་ནི་ལས་གཉེར་གསར་སྤེལ་གྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད། མཚེའུ་དང་རྩྭ་ཐང་རང་བྱུང་གཟིགས་ཞིབ་དང་། ཉ་མོ་དང་འདབ་ཆགས་ལ་གཟིགས་ཞིབ་བྱེད་པའི་སྐྱེ་ཁམས་ཞིབ་འཇུག་རིག་པ། དམངས་སྲོལ་རིག་གནས་གོམས་གཤིས་ཉམས་ཞིབ་སོགས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཐད་ལ་དགའ་བསུ་ཐོབ།  ཞིང་སྡེའི་ཡུལ་སྐོར་ལས་རིགས་དེ་བརྟན་འཇགས་ངང་འཕེལ་རྒྱས་སུ་བཏང་ཞིང་ལས་ཞུགས་མི་སྣ་ཁྲི་གཉིས་ལྷག་ལ་སླེབས་ཏེ། མཚོ་འགྲམ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐོན་ལས་གསར་པ་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡུལ་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་ཏི་ཧའེ་ཡིས་གསར་འགོད་པར་བཤད་རྒྱུར། “མཚོ་སྔོན་པོ་ནི་ལྗོངས་ཁུལ་རྙིང་བ་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཀྱི་བཀོད་སྒྲིག་འཆར་འགོད་ནི་ང་ཚོའི་མ་འོངས་བའི་བྱ་བ་གཙོ་བོ་ཡིན་ཞིང་། ད་ལོར་ང་ཚོས་ཀྱང་དུས་སྔོན་མའི་ཚོད་ལྟ་བརྒྱུད། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཞིབ་འཇུག་རིག་པའི་ཉམས་ཞིབ་སྤེལ་བའི་རྨང་གཞིའི་སྟེང་། རིམ་བཞིན་མཚོ་སྔོན་པོའི་འབབ་རྒྱུན་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཞིབ་འཇུག་རིག་པའི་རྩེར་སོན་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག ཉེ་འགྲམ་ཡུལ་ཚོ་དང་གྲོང་རྡལ་ནི་རྗེས་ཕྱོགས་རྒྱལ་ཁབ་སྤྱི་གླིང་ལ་ཞུགས་པའི་གཞིས་ཁུལ་དང་ཡང་ན་ཞབས་ཞུའི་རྟེན་གཞི་ཞིག་ཡིན་པས། མུ་མཐུད་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་དང་ཞབས་ཞུའི་བྱེད་ནུས་འཐུས་ཚང་དུ་གཏོང་རྒྱུ་ཡིན”ཟེར།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཧི་ཡུའུ་པང་གིས་བཤད་རྒྱུར། 2021ལོ་ནི་མཚོ་སྔོན་པོ་ནས་ཉམས་ཞིབ་རིགས་ཤིག་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་པོའི་ཆུ་ངོས་ཆེན་པོ་ལས་བྱུང་བའི་བྱེ་མ་དང་གསེར་ཉའི་འཁྱུག་འགྲོས། དུས་བསྟུན་འདབ་ཆགས་ཀྱི་ཡུལ་གཞན་གནས་སྤོར་སོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་ཆུ་དང་ཉ་མོ། འདབ་ཆགས་ཀྱི་སྐྱེ་ཁམས་ཐོན་ཁུངས་སྔོན་འདོན་ལེགས་པོ་བྱེད་པ་དང་། རི་དྭགས་གཙོད་དང་།  ཁྲུང་ཁྲུང་། ངང་ཆེན་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་གཞིར་བཟུང་ནས་རང་བྱུང་ཁམས་ལ་ཉམས་ཞིབ་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཟེར།

གཞན་ཡང་།  གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི” རིང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་སྐྱེ་ཁམས་ཉམས་ཞིབ་དང་རང་བྱུང་སློབ་གསོའི་ལས་སྟེགས་གཏོད་རྒྱུ་ཡིན་པ་རེད།

མཚོ་སྔོན་པོ་ནི་ཆུ་བྱའི་རྒྱུད་སྤེལ་བྱེད་གནས་དང་གནས་སྤོ་བྱེད་སའི་ས་ཚིགས་གཙོ་བོ་ཡིན་ཞིང་། རང་རྒྱལ་ནུབ་རྒྱུད་ཀྱི་ཆུ་ཁུངས་གསོ་ཡུལ་དང་ཆུ་རླུང་འཁོར་རྒྱུག་གི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི“སྲུང་ཡོལ་གཅིག་དང་ས་རྒྱུད་གཉིས”ཀྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ད་ལྟ། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞིའི་མཚོ་སྔོན་པོའི་བྱ་བའི་ཇུས་གཞི》བཟོས་ནས། “2020ལོའི《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》བཟོས་པ་དང་། 2021ལོའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་རེ་ཞུའི་བྱ་བ་སྤེལ་ནས། 2022ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུའི”ལོ་གསུམ་བྱ་སྤྱོད་དམིགས་ཚད་གཏན་འཁེལ་བྱས་པ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་བདེ་འཇགས་ལྟེ་བར་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ལྷད་མེད་འཕེལ་རྒྱས་བཅས་གཙོ་གནད་དུ་བཟུང་སྟེ། མཚོ་སྔོན་པོར་འབབ་པའི་ཆུ་བོའི་འབབ་རྒྱུད་སྤྱི་ཡོངས་ནས་སྲུང་སྐྱོབ་བྱེད་པའི་མ་ལག་ཉམས་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་བྱེ་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དཔེ་སྟོན་ཁུལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་དཔེ་སྟོན་ཁུལ། ལྷད་མེད་འཕེལ་རྒྱས་དཔེ་སྟོན་ཁུལ། ཕུལ་བྱུང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅས་བསྐྲུན་ནས་རྒྱལ་ཡོངས་སྐྱེ་ཁམས་ཉམས་ཞིབ་དང་རང་བྱུང་སློབ་གསོའི་ལས་སྟེགས་གསར་སྐྲུན་བྱ་རྒྱུ་རེད།

སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁྲོད་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མཚོ་སྔོན་པོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ་བཅས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ། ཞིང་སྡེ་གསར་པ་འཛུགས་སྐྲུན་དང་སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པ་མ་ཟད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱབ་ནས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ནུས་པ་དང་བློ་རིག་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བའི་རྨང་གཞིའི་ཐོག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།