བྱེ་སྣ་མཐིང་མདོག་ཏུ་བསྒྱུར་བའི་ཕྱུག་འགྱུར་ལམ་བུ།
2021.03.19 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 26

 སྐྱེ་དངོས་ཐམས་ཅད་གསོན་ཤུགས་ཀྱིས་ཕྱུག་པའི་དཔྱིད་ཀའི་དུས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྗོང་ལ་རྣམ་པ་གསར་པ་ཞིག་མངོན་འདུག འབའ་འབུར་བྱེ་སྒང་གི་ཁུག་སོ་རེ་ན་འོམ་བུ་དང་། མཁན་སྐྱ་སོགས་རྩི་ཤིང་དང་ཤིང་སྡོང་གི་རིགས་སྣ་ཚོགས་སྐྱེས་ཡོད་ཅིང་། བྱེ་སྒང་འདབས་ཀྱི་མཐོ་དམའ་མི་འདྲ་བའི་སྡོང་གསེང་ན“སེམས་མཐུན་ནགས”ཞེས་པའི་དྲན་གསོ་རྡོ་རིང་གིས་བྱེ་རླུང་ཚར་གཅོད་བྱས་ཏེ་འཚོ་བ་གསར་པའི་མདུན་བསུས་པའི་མི་རབས་ཤིག་གི་གཏམ་རྒྱུད་ཉར་ནས་ལྷང་ངེར་འགྱིང་ཡོད།

བྱེ་སྣ་ནི་མུ་གེ་ཐང་གི་བྱེ་ཀླུང་དེ་ཤར་ལྷོའི་ཕྱོགས་སུ་བསྐྱངས་པའི་སྣེ་ག་ཡིན། དུས་རབས་སྔོན་མའི་ལོ་རབས་བར་མའི་སྔ་རོལ་ཏུ། བྱེ་སྣ་དང་མུ་གེ་ཐང་གི་ཉེ་འཁོར་གྱི་བྱེ་ཀླུང་དེ་ལོ་རེར་སྨི10ཡས་མས་ཀྱི་མྱུར་ཚད་ཀྱིས་ཆེར་བསྐྱེད་དེ་ཉེ་འགྲམ་གྱི་གཞུང་ལམ་དང་ཚལ་རྔ་འགག་ཆུ་མཛོད་ལ་གནོད་པ་ཚབས་ཆེན་བཟོས། 1996ལོ་ནས་བཟུང་།  ཀོས་ནན་རྫོང་གིས་ཕྱི་བསྐོར་ནང་གསོ་དང་། བྱེ་མཐའ་བཅོས་སྐྱོང་ཟུང་དུ་སྦྲེལ་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་གཞི་སྤེལ་འགོ་བརྩམས་ཤིང་། ཕྱི་བསྐོར་གྱི་བྱེ་རྒོད་ཁུལ་དུ་བྱེ་བཅོས་ལས་གཞི་ལག་བསྟར་བྱས་ཏེ་བྱེ་རླུང་འགོག་བཅོས་ཐུབ་པའི་ཤིང་སྡོང་བཙུགས་ནས་ཕྱི་བསྡམས་དང་ནང་གསོ། དོ་དམ་གསུམ་མཉམ་འཛིན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་བཀོལ།

སུམ་མདོ་གྲོང་རྡལ་བན་ཤུལ་སྡེ་བས་བྱེ་སྣའི་རྒྱལ་ཁབ་བྱེ་ཀླུང་སྤྱི་གླིང་སྐོར་ཞིབ་ས་ཚིགས་བདག་དོམ་བྱས་ཡོད། ད་ལོར་ལོ་ན52ལ་སོན་པའི་རྡོ་རྗེ་རྒྱལ་ནི་སྐོར་ཞིབ་ས་ཚིགས་ཀྱི་ལས་བྱེད་པ་ཡིན། ཁོས་ལྗང་མདོག་གི་གལ་ཆེའི་དོན་སྙིང་རྟོགས་པས་ལོ་དྲུག་རིང་ལ་ཡུལ་ཕྱོགས་དེའི་རྩྭ་རྩི་ཤིང་ལ་ལྟ་སྐྱོང་བཟང་པོ་བྱས།

རྡོ་རྗེ་རྒྱལ་གྱིས་བཤད་རྒྱུར། 2016ལོར་ཁོ་རང་སྐོར་ཞིབ་ས་ཚིགས་སུ་ཡོང་ནས་ནགས་སྲུང་བ་བརྒྱད་དང་ལྷན་དུ་ཉེ་འཁོར་གྱི་སྤྱི་ཆིང300ལྷག་གི་མེ་འགོག་མེ་ཟོན་དང་རྐུ་གཅོད་འགོག་སྲུང་། ཆུ་འདྲེན་ལས་ཀ་སོགས་ཀྱི་འགན་འཁུར་ནས་ནགས་སྲུང་བ་ཡིན་ཟེར།

སྐོར་སྲུང་ས་ཚིགས་ཀྱི་གྱང་ལྡེབས་སུ་བྱེ་འགོག་བྱེ་བཅོས་ཀྱི་པར་རྙིང་མང་པོ་བཀལ་ཡོད་ཅིང་། རྡོ་རྗེ་རྒྱལ་གྱིས་པར་རྙིང་དེ་དག་ལ་ལྟ་ཞོར་བྱེ་རླུང་དྲག་དུ་འཚུབ་ཞིང་མཐུག་ཚད་ལི་སྨི40ཡི་བྱེ་མས་གཞུང་ལམ་གཡོགས་ནས་རླངས་འཁོར་འགྲོ་ཐུབ་མེད་པའི་འདས་པའི་ལོ་ཟླ་དེ་ཡིད་ལ་ཝ་ལེར་དྲན། རྒྱུ་མཚན་ནི་སྐབས་དེར་བྱེ་རླུང་གིས་དེད་པའི་འབྲོག་རུ་ལོ་རེར་སྟོད་ཕྱོགས་སུ་མི་སྤོ་ག་མེད་བྱུང་།

ད་ལྟ་ཀོས་ནན་རྫོང་གི་བྱེ་འགོག་བྱེ་བཅོས་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གཞུང་ལམ་འགྲམ་གཉིས་ཀྱི་རྩྭ་ས་སླར་སོས་ཤིང་སྡོང་ལོ་ཐགས་སུ་བཀྲ་བས། འབྲོག་པའི་རུ་ཕྱིར་སྨད་ཕྱོགས་སུ་བབས་ལ། སུམ་མདོ་གྲོང་རྡལ་གྱི་སྲིད་གཞུང་ཡང་བྱེ་སྣའི་ཉེ་འགྲམ་དུ་སྤར།

རྡོ་རྗེ་རྒྱལ་གྱིས་སླར་ཡང་ལུག100ལྷག་ཉོས་ནས་སྒོ་ཕྱུགས་གསོ་སྤེལ་གཉེར་ནས་གཏན་འཇགས་ཀྱི་ཡོང་འབབ་རག་ཐུབ་ཀྱི་ཡོད། 2017ལོར་རྡོ་རྗེ་རྒྱལ་གྱིས་གྱན་བཞི་ཅན་གྱི་སོ་ཕག་ཁང་པ་ཞིག་ལས་པར་མ་ཟད། རླངས་འཁོར་ཆུང་ཆུང་ཞིག་ཉོས་ནས་ཁྱིམ་མིའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ། བྱེ་ས་སྐྱ་བོ་ལྗང་འདོག་དུ་བསྒྱུར་རྗེས། ཡུལ་སྐོར་དུས་བཟང་གི་སྐབས་སུ་བྱེ་སྣའི་ཡུལ་ལྗོངས་ལ་གཟིགས་སྐོར་དུ་ཕེབས་མཁན་ཇེ་མང་དུ་སོང་བ་དང་། འབྲོག་པ་རྣམས་ཀྱིས་ཀྱང་ལམ་འགྲམ་དུ་སྐམ་ཤ་དང་། འོ་ཞོ། རི་སྐྱེས་ཤ་མོ་སོགས་ཞིང་ཞོར་ཐོན་རྫས་བཤམས་འཚོང་བྱས་ནས།  ལྗང་མདོག་གི་ཕ་ས་སྲུང་ཞོར་བདེ་སྐྱིད་ཀྱི་འཚོ་བར་སྙེག་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་ལས་གཞིར་མུ་མཐུད་ནས་སྐུལ་འདེད་བཏང་ཞིང་། སྡོང་འཛུགས་ནགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་གཉིས་ཟུང་དུ་སྦྲེལ་ནས་སྐྱེ་ཁམས་དང་དཔལ་འབྱོར་ཕྱོགས་གཉིས་ཀྱི་ཕན་ཁེ་མངོན་འགྱུར་བྱ་ཆེད།  ཡུལ་དེའི་རོང་འབྲོག་མང་ཚོགས་མ་སྐུལ་རང་རྟོགས་ཀྱིས་བྱེ་འགོག་བྱེ་བཅོས་ཁྲོད་ཞུགས་པར་ཡར་སྐུལ་བྱས་པ་དང་ཆབས་ཅིག  ས་གནས་དེའི་མང་ཚོགས60%ཡན་ཨར་སྐྲུན་ལས་ཁུངས་སུ་ལས་ཞུགས་སུ་སྐུལ་བ་དང་། དེ་ལས་དབུལ་པོའི་བྱང་བུ་ཡོད་མཁན་དམིགས་སུ་བཀར་ནས་ལས་ཀ་བཀོད་སྒྲིག་བྱས་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་གི་སྒོ་འགྲམ་ནས་ཡོང་འབབ་བཙལ་དཀའ་བའི་གནད་དོན་ཐག་བཅད་པར་མ་ཟད།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རམ་འདེགས་དང་། སྐྱེ་ཁམས་ལས་གཞི་དང་དབུལ་ཐར་མཁྲེགས་གཏོར་མཉམ་རྒྱལ་གྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།