གངས་རི་དང་། འཁྱགས་རོམ་བསགས་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་སུ་གྱུར་ཞིང་། ཤར་ཕྱོགས་སུ་ལང་ལོང་དུ་འབབ་པའི་གཙང་ཆུ་སྔོན་མོ་ཡིས་བཞུར་རྒྱུད་ཀྱི་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་གསོན་ཤུགས་སྦྱིན། མཚོ་སྔོན་མི་དམངས་ཀྱིས་བློ་སྤོབས་ཆེན་པོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོ་བསྐྲུན་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱས།
ད་ལྟའི་མཚོ་སྔོན་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རབ་མཛེས་མཚོ་སྔོན་གྱི་ཆེས་མཛེས་པའི་ལྗང་མདོག་མིང་བྱང་བཙུགས་ནས་ཨ་ཆེན་གངས་རྒྱབ་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར་ཡོད། མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ལ། ནགས་ཚལ་ཀྱི་ཁེབས་ཚད6.3%ནས7.5%བར་ཇེ་མཐོར་སོང་བ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད57.4%ཟིན་པ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་ཆུའི་སྤུས་ཚད་རིགས་གཉིས་པའི་ཡན་དུ་སྲུང་འཛིན་བྱས་ཡོད། ཉ་རིགས་ཀྱི་ཐོན་ཁུངས་གསོག་ཚད་དེ་སྲུང་སྐྱོབ་མ་བྱས་པའི་སྔོན་ལས་ལྡབ38འཕར་བ་དང་། རི་དྭགས་དགོ་བ་དུས་རབས་སྔོན་མའི་དུས་མཇུག་གི300ལྷག་ནས་ད་ལྟའི2500ལྷག་དང་། རི་དྭགས་གཙོད་སྔོན་ཆད་ཀྱི་ཁྲི2ཙམ་ནས་ད་ལྟའི་ཁྲི7བར་སླར་གསོ་བྱུང་ཡོད།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་པ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་ཀྱི་ཐད་ད་ལྟའི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་ཏུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་རབ་མཛེས་མཚོ་སྔོན་གྱི་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ལ“མཛེས་ཉམས”བཏོད་པ་དང་། གསེར་རི་དངུལ་རིར་དེ་བས་རིན་ཐང་ལྡན་པར་འབད་བརྩོན་ལྷོད་མེད་བྱས།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན།
མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་ཀྱི་རིན་ཐང་ཆེན་པོའི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་པར་བྱས་ནས་རི་ཆུར་སྲུང་སྐྱོབ་བྱེད་པའི་ལས་དོན་ཁྲོད་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོའི་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་མངོན་བཞིན་ཡོད།
རྒྱལ་ཡོངས་ལ་མཚོན་ན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་ཁྲོད་ལེགས་སྐྱེས་ཕུལ་ཚད་ཧ་ཅང་ཉུང་ཉུང་ཡིན་མོད། འོན་ཀྱང་འཛམ་གླིང་སྟེང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་རྒྱས་ཡོད། དེའི་སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་18དང་བྱེ་བ་གསུམ་ས་ཡ་དགུ་ཟིན་ནས་ལོ་རེར་སྨད་རྒྱུད་དུ་ཆུ་ཁུངས་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལྷག་འདྲེན་བཞིན་ཡོད། སྐྱེ་ཁམས་ཞབས་ཞུའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར7300ཟིན་པ་དང་གནམ་གཤིས་སྙོམས་སྒྲིག་དང་སྐྱེ་དངོས་རིགས་ཀྱི་བྱེད་ནུས་རིན་ཐང་ཆེན་པོ་ལྡན་ཡོད།
སྐྱེ་ཁམས་ཀྱི་རིན་ཐང་ཆེ་ཤོས་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལ་བསྩལ་བའི་ཕུན་སུམ་ཚོགས་པའི་མ་རྩ་རེད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་ཚེ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་ཐུབ།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཀྱི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཐེངས་བརྒྱད་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་དབུགས་གཙང་བའི་ཉིན་གྲངས་ཀྱི་བསྡུར་ཚད97.2%ཟིན་པ་དེ་2015ལོ་ལས་བརྒྱ་ཆའི་གྲངས་ཐིག13.5འཕར་བ་དང་། ས་ངོས་ཀྱི་ཆུའི་སྤུས་ཚད་ཀྱི་བསྡུར་གྲངས་དེ་དཔྱད་ཞིབ་ཀྱི་ཚད་གཞི(2014ལོ)ལས་བརྒྱ་ཆའི་གྲངས་ཐིག15.8ཇེ་མཐོར་སོང་བ། ཙོང་ཆུ་ཞིང་ཆེན་ནས་ཐོན་པའི་བཅད་ངོས་ཀྱི་རིགས་གསུམ་པའི་ཆུ་སྤུས་ཀྱི་བསྡུར་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཞིང་། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ཡོད།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ལ་བལྟས་ཚེ། མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་རིན་ཐང་ཆེ་ཤོས་འདོན་སྤེལ་གང་ལེགས་བྱས་པ་དང་། བསམ་ཕྱོགས་དང་འདུ་ཤེས་ལེགས་སྒྱུར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཁྲོད་མཚོ་སྔོན་གྱི་མཛེས་སྡུག་ལ་སྔར་བས་བཀྲག་མདངས་གསར་བ་བསྣན།
མཚོ་སྔོན་གྱི་འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན།
མཚོ་སྔོན་དུ་བསྐྱོད་ཚེ། མཚོ་སྔོན་པོའི་འགྲམ་གྱི་ཉ་འཛིན་མཁན་དང་། ཡང་ན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པའི་འབྲོག་པ་མང་ཚོགས། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ། སློབ་གྲྭའི་སློབ་མ་བཅས་གང་ཞིག་ཡིན་རུང་། མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ཐུན་མོང་གི་ངོས་ཟིན་ཞིག་ཏུ་གྱུར་ཡོད། ཚང་མར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཁྲོད་ཕན་ཁེ་དངོས་ཐོབ་པ་དང་། དེའི་ཁྲོད་བརྟན་འཇགས་ཀྱི་གླ་ཕོགས་ལེན་པའི་སྐྱེ་ཁམས་ལྟ་སྲུང་པ་ཡོད་པ་དང་། ཡང་ལ་ལས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་གི་འཚོ་བ་གཏོད་བཞིན་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྔ་རྗེས་སུ་སྤེལ་བ་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ལོ་གསུམ་གྱི་བྱ་སྤྱོད་སྤེལ་འགོ་ཚུགས་པའི་བར་མཚོ་སྔོན་གྱིས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་ཕྱོགས་སུ་འགྱུར་བའི་སྐྱེ་ཁམས་སྒྲིག་སྲོལ་བཅོས་སྒྱུར་ ་གྱི་ཉམས་མྱོང་རབ་དང་རིམ་པ་བཏོད་ཡོད། མིག་སྔར།“སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པ”དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཡིན་པ་སོགས་ཀྱི་དཀའ་གནད་སེལ་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་དང་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཚོད་ལྟའི་ལས་འགན་ཁག་31ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་དུ་ཕྱོགས་བསྡུས་ཁྲིམས་འཛིན་དང“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བདེ་བླག་ངང་སྒྲུབ་ནས་གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན《ཟི་ལིང་གི་ཐུན་མོང་ངོས་ཟིན》གྲུབ་པ་རེད།
དེ་དང་ཆབས་ཅིག རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པ། མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་། ནགས་ཚལ། བརླན་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ཆིག་བརྒྱ་བཀོད་སྒྲིག་བྱས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་གནས་ཀྱིས“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་པ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.16ཡོད་པ་རེད།
རྒྱལ་ཁབ་སྤྱི་གླིང་གི་མིང་ཐོག་ནས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་མཚོ་སྔོན་མི་དམངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བྱ་སྤྱོད་དངོས་ཀྱི་ཁྲོད་དོན་འཁྱོལ་བྱས་ནས“ གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར” ་འགན་ལེན་བྱེད་ཀྱི་ཡོད། །
མཚོ་སྔོན་གྱི་སྦས་ཤུགས་ཆེན་པོའང་སྐྱེ་ཁམས་ཡིན།
སྐྱེ་ཁམས་ནི་བདེ་སྐྱིད་ཀྱི་རྣམ་པ་ཞིག་ཡིན་ལ་དེ་བས་མཛེས་སྡུག་གི་འཕེལ་རྒྱས་རྣམ་པ་ཞིག་ཀྱང་ཡིན། ད་ལྟའི་མཚོ་སྔོན་དུ་རྩ་ཆེ་ཞིང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་རྒྱུག་བཟང་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞིར་གཞི་ཚུགས་ནས་ཕན་འབྲས་མཐོ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་དང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱ་རྒྱུ་དེ་རྨ་འབྲི་རྗ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་གསར་པ་ཞིག་ཏུ་གྱུར་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྣམ་སྲས་རོང་ཆེན་གཉེར་སྐྱོང་བྱས་པ་ནས་བཟུང་སྐྱེ་ཁམས་ཡུལ་སྐོར་དེ་གནས་དེའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་སྟངས་ཤིག་ཏུ་གྱུར་ནས་སྐྱེ་ཁམས་ལྟ་སྲུང་པ་མང་པོ་ཞིག་གིས་ད་དུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་པ་དང་དཔལ་ཡོན་སྐྱེ་ཁམས་ཡུལ་སྐོར་གྱི་ཁྲིད་སྟོན་པ་བྱས་ཡོད།
ད་ལྟའི་མཚོ་སྔོན་དུ། ནུས་ཁུངས་གཙང་མ་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆར་བརྟེན་ནས། ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འཛམ་གླིང་ཐོག་གི་ནུས་རྒྱུ་གཙང་མའི་སྐྱེལ་འདྲེན་བགྲོད་ལམ་ཐོག་མ་ཡིན་པའི་ཆ་ནས། མཚོ་སྔོན་དང་ཧོ་ནན་བར་གྱི་སྟོང་ཧྥུ་800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་བཟོ་སྐྲུན་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་དང་། རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཚོད་ལྟའི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས(མུའུ་ཁྲི་300)བར་ཆེ་རུ་ཕྱིན་ཡོད།
ལྗང་མདོག་འཕེལ་རྒྱས་ཀྱི་ཐོད་བརྒལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། 2020ལོར་ མཚོ་སྔོན་གྱིས་བསྟུད་མར་ཉིན100ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྫོང་16དང་གྲོང་རྡལ1ཚང་མར་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་བྱས་ནས“ལྗང་མདོག་གློག་གཏོང་ཉིན་བདུན”དང་།“ལྗང་མདོག་གློག་གཏོང་ཉིན་དགུ”ནས“ལྗང་མདོག་གློག་གཏོང་ཉིན་བཅོ་ལྔ”དང“ལྗང་མདོག་གློག་གཏོང་ཉིན་བརྒྱ” བཅས་སུ་འཕར་སྣོན་བྱུང་བ་ནི་གྲངས་ཀ་ཁོ་ན་མ་ཡིན་པར་ནུས་རྒྱུ་གཙང་མའི་ཐོན་ལས་སྦྲེལ་ཐག་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་པ་དེ་རེད།
དེ་དང་ཆབས་ཅིག་སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་གྱི་ནུས་ལྡན་ཚོད་ལྟ་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་དྭངས་གཙང་དྲོད་རླངས་མཁོ་འདོན་གྱི་དཔེ་སྟོན་རྫོང་དངོས་སུ་བཙུགས་ནས། ཧུར་ཐག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭངས་གཙང་དྲོད་རླངས་མཁོ་འདོན་གྱི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་ཏེ་གཙང་པོའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས།
སྐྱེ་ཁམས་ཀྱི་གནས་བབ་གལ་ཆེན་གྱིས་མཚོ་སྔོན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་བསྩལ་ཡོད་པས། མཚོ་སྔོན་གྱིས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཡག་པོ་བྱས་ཏེ་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱེད་ངེས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།