མཚོ་སྔོན་གྱིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་སྐྱེ་ཁམས་སྲུང་ཡོལ་བསྐྲུན།
2021.04.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

 --“ཆེས་ཆེ་བ་གསུམ”རྒྱུན་འཁྱོངས་བྱས་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་ཅེས་པའི་བསྟུད་འགོད་གནས་ཚུལ་གྱི་ཁག་དང་པོ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་། མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་ཡོད་པས་ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ལག་བསྟར་བྱས་ནས་རྒྱལ་ཁབ་དང་། མི་རིགས།  བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས་ཞེས་ནན་གྱིས་བསྟན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཆེས་ཆེ་བ་གསུམ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་བསྟུད་འགོད་གནས་ཚུལ་སྤེལ་ཏེ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་། མཚོ་སྔོན་གྱིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་རྒྱུན་འཁྱོངས་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཤིང་། “ གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར”འགན་ལེན་བྱས་ཏེ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་གསོན་ཉམས་དོད་པའི་ལག་ལེན་བྱ་རྒྱུ་རེད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ2015ལོ་ལས་ཆེས་ཆེར་ཇེ་མཐོར་སོང་བ་དང་། ས་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་བརྒྱ་ཆའི་གྲངས་ཐིག་བཅོ་ལྔ་དང་གྲངས་ཆུང་བརྒྱད་ཇེ་མཐོར་སོང་བ། ཙོང་ཆུའི་ཆུ་སྤུས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ཡོད།

གཞི་གྲངས་དེ་ལས་མཚོ་སྔོན་གྱིས་མཐའ་གཅིག་ཏུ་སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་ལ་གྲུབ་འབྲས་ཡག་པོ་བླངས་བ་མཚོན་ཐུབ།  ཉེ་བའི་ལོ་ཤས་རིང་།  མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ།    སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ” གྱི་དམིགས་འབེན་གཞིར་བཟུང་ཏེ་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཐེངས་བརྒྱད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་མ་ཟད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།

འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བཙུགས་ནས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ་དང་།  དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཡག་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་སེམས་མངོན་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་པར་དམ་པོར་དམིགས་ནས།  ཆུ་གཙང་མ་སྲུང་སྐྱོབ་དང་ཆུ་རྙོག་པ་ཇེ་དྭངས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཆུའི་ཁོར་ཡུག་སྲུང་སྐྱོབ་དང་། ཆུའི་སྐྱེ་ཁམས་སླར་གསོ། ཆུ་སྦགས་བཙོག་འགོག་བཅོས་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་བཞུར་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་དང་གཙོ་གནད་གཙང་པོ་དང་མཚེའུ་བཅས་ཀྱི་ཆུའི་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཚད་དེ100%ཟིན་པ་དང་ལོ་འཁོར་གྱི《ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞིའི》དཔྱད་ཞིབ་འབྲས་བུ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁྲོད་ཨང་དྲུག་པར་སླེབས་ཡོད།

གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས《ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད(2016ལོ་ནས་2020ལོ་བར)》སྒྲིག་བཟོ་བྱས་ཏེ། ནན་ཁྲོན་ཆུ་བོ་དང་། པེ་ཁྲོན་ཆུ་བོ། ཐང་ཁྲོན་ཆུ་བོ་སོགས་ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོའི་མ་ལག་བཟོ་སྐྲུན35ལག་བསྟར་བྱས་ཤིང་། མཁྲེགས་གཏོར་བཅོས་སྐྱོང་བྱས་པ་བརྒྱུད་ཙོང་ཆུའི་རྒྱུད་ཀྱི་ཁོར་ཡུག་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཆུའི་སྤུས་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ། ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྤུས་ཚད་ཇེ་མཐོར་ཕྱིན་ནས། མཚོ་སྔོན་མི་དམངས་ལ་དྭངས་ཤིང་གཙང་བའི་མ་ཡུམ་ཆུ་བོ་གཅིག་འདོན་སྤྲོད་བྱེད་པའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པ་”ནས་བཟུང་། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆུའི་སྦགས་བཙོག་འགོག་བཅོས་རིགས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་སོ་དྲུག་དང་བྱེ་བ་བཞི་ས་ཡ་བདུན་བརྩོན་ལེན་བྱས་ནས། གཙོ་གནད་འབབ་རྒྱུད་ཀྱི་སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ། གཅིག་སྡུད་རྣམ་པའི་འཐུང་ཆུའི་འགོ་ཁུངས་ཀྱི་ཁོར་ཡུག་བཅོས་སྐྱོང་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཚད་གཞི་མཐོར་འདེགས་སྒྱུར་བཀོད་དང་མི་ཐབས་ལ་བརྟེན་པའི་ཆུ་གཙང་སེལ་གཏིང་ཟབ་བྱེད་པ། བཟོ་ལས་གཅིག་བསྡུས་ཁུལ་གྱི་བཙོག་ཆུ་གཅིག་སྡུད་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ཁག་གཅིག་བཀོད་སྒྲིག་དང་ལག་བསྟར་བྱས། གཅིག་བསྡུས་རྣམ་པའི་འཐུང་ཆུའི་འགོ་ཁུངས་ཀྱི་ཁོར་ཡུག་གནད་དོན་ཆེད་དོན་ལེགས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་ཁབ་བཀོད་གཏོང་གི་གཅིག་བསྡུས་རྣམ་པའི་རྫོང་རིམ་པ76དང་དེའི་ཡན་གྱི་འཐུང་ཆུའི་འགོ་ཁུངས་ཀྱི་ཁོར་ཡུག་གནད་དོན་ཚང་མ་ལེགས་སྒྲིག་ཡོངས་འགྲུབ་བྱས་ནས། ས་ཁུལ་དང་རྫོང་། གཙོ་གནད་ཡུལ་ཚོ་དང་གྲོང་རྡལ་བཅས་ཀྱི་གཅིག་བསྡུས་རང་བཞིན་གྱི་འཐུང་ཆུའི་འགོ་ཁུངས་སྲུང་སྐྱོབ་ཁུལ114དབྱེ་འབྱེད་གཏན་འཁེལ་བྱས།

རྒྱལ་ཡོངས་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་བཙོག་ཆུ་བཅོས་སྐྱོང་ལས་དོན་ཐོག་མར་ལེགས་སྒྲུབ་བྱས་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་མཁར་གྱི་བཙོག་ཆུ་གཙང་སེལ་བྱས་ཚད93.28%ཟིན་ཡོད་པ་རེད།  བཟོ་ལས་ཀྱི་སྦགས་བཙོག་འགོག་བཅོས་དམ་འཛིན་བྱས་ཏེ་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་བཟོ་ལས་གཅིག་བསྡུས་ཁུལ13ཚང་མར་བཙོག་ཆུ་གཅིག་སྡུད་གཙང་སེལ་སྒྲིག་བཀོད་སྒྲིག་སྦྱོར་བྱས་བ་དང་། སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་ཀྱི་སིམ་འགོག་གསར་བརྗེ་སྒྱུར་བཀོད་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས།

མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་དུ་རྒྱུན་འཁྱོངས་བྱས་ཡོད་ལ། ཙོང་ཆུ་ཞིང་ཆེན་ནས་ཐོན་པའི་རིགས་བཞི་པའི་ཆུ་སྤུས་དམིགས་ཚད་དུ་བསླེབས་ཚད100%དང་། རིགས་གསུམ་པའི་ཆུ་སྤུས་ཀྱིས50%ཟིན་པ། རྫོང་རིམ་པ་ཡན་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་འགོ་ཁུངས་ཀྱི་ཆུ་སྤུས་ཇེ་ལེགས་སུ་སོང་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ཏེ།  ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་མཐའ་གཅིག་ཏུ་ཁུར་བར་མཚོ་སྔོན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ་རེད། ང་ཚོས་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག  འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་དང་དེ་བཞིན་ཙོང་ཆུའི་འབབ་རྒྱུད།  མཚོ་སྔོན་པོ། མདོ་ལ་རི་བོ། གཙང་པོ་དང་མཚེའུ་གལ་ཆེན་བཅས་ཀྱི་སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་འབབ་རྒྱུད་ཀྱི་བཙོག་འབུད་ལ་གྲལ་བཤེར་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཐུང་ཆུའི་འགོ་ཁུངས་སྲུང་སྐྱོབ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཆུ་གཙང་མ་དང་། ཆུ་རྙོག་པ། སྐྱེ་ཁམས་ཀྱི་ཆུ་བཀོལ་སྤྱོད་བཅས་འགན་ལེན་གྱི་བྱ་སྤྱོད་ནུས་ལྡན་དུ་བཏང་སྟེ། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་དགོས།

2020ལོར་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་ཀྱིས97.2%ཟིན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་བསྟུད་མར་ལོ་ལྔར་ནུབ་བྱང་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་ཡོད། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་དྲུག་གི་སྲིད་གཞུང་གནས་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96.9%ཟིན་པ་དང་། གྲོང་ཁྱེར་གཙོ་བོ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་སོ་སོར96.6%དང96་3%ཟིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་། 《མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་བྱ་སྤྱོད་ལག་བསྟར་ཇུས་གཞི(2018ལོ་ནས་2020ལོ་བར)》སོགས་ཆེད་དོན་ལས་དོན་ཇུས་གཞི་པར་འགྲེམས་བྱས་པའི་རྨང་གཞིའི་ཐོག་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་སྲིད་གཞུང་གནས་སའི་གྲོང་ཁྱེར་དང་གྲོང་རྡལ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ནས། “ཐལ་རྡུལ་འགོག་པ་དང་། རྡོ་སོལ་ཇེ་ཉུང་དུ་གཏོང་བ། རླངས་འཁོར་ཚོད་འཛིན་བྱེད་པ། ཁེ་ལས་བཅོས་སྐྱོང་བྱེད་པ། ལྗང་མདོག་ཇེ་མང་དུ་གཏོང་བ”བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས།  རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

གྲོང་ཁྱེར་གྱི་ཐལ་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་ནན་མོ་བྱས་ནས་གྲོང་ཁྱེར་གྱི་ཨར་ལས་འཛུགས་སྐྲུན་བྱ་ཡུལ་གྱི་ཚད་གཞི་ཅན་གྱི་དོ་དམ་དང་། གཞུང་ལམ་ཚད་ལྡན་ཅན་གྱི་གཙང་ཕྱགས་སོགས་ཐལ་རྡུལ་སྔོན་འགོག་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཟི་ལིང་གྲོང་ཁྱེར་གྱིས་མཁའ་རླུང་རང་འགུལ་ས་ཚིགས་ཆུང་གྲས84དང་རིག་ལྡན་ཅན་གྱི་བཟོ་སྐྲུན་ལས་ཡུལ་གྱི་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་མ་ལག100བསྐྲུན་ཡོད་པ་རེད། ས་གནས་ཁག་གིས་ཆེད་སྤྱོད་མ་དངུལ་ཁ་གསབ་སོགས་ཀྱི་བྱ་ཐབས་ནན་པོ་སྤྱད་དེ་རྡོ་སོལ་ཁྲོ་ཐབ་ཆུང་ངུ་མེད་པར་བཟོ་བ་དང“རླངས་འཁོར་དང་། སྣུམ། ལམ”བཅས་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ཞིང་། ཚད་ལྡན་མིན་པའི་སྤུས་ཞན་འབར་སྣུམ་ལ་རྡུང་རྡེག་ནན་མོ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས།  རྡོ་སོལ་ཁྲོ་ཐབ་ཆུང་གྲས་དང་། རྟགས་སེར་རླངས་འཁོར། རླངས་འཁོར་རྙིང་བ་ཁག་ཅིག་མེད་པར་བཟོ་བ་དང་ཆབས་ཅིག   བཙོག་འབུད་ཚད་ལྡན་མིན་པའི་ཁེ་ལས་ཕྱོགས་བསྡུས་བཅོས་སྐྱོང་དང་བཟོ་ལས་ཐབ་ཁུང་བཅོས་སྐྱོང་བྱ་རྒྱུ་གནད་སར་བཟུང་ནས་ལེགས་སྒྲིག་བྱས།

ལྷག་པར་དུ་ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས《མཚོ་སྔོན་ཞིང་ཆེན་གྱི་2021ལོའི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་གཙོ་གནད》པར་འགྲེམས་བྱས་ཏེ་ཕྱོགས་5ཡི་ཞིབ་ཕྲའི་ལས་ཀའི་བྱེད་ཐབས་23ལ་བརྟེན་ནས་2021ལོའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རྩ་བའི་བསྲུང་བྱར་བརྩིས་ཏེ། མཚོ་སྔོན་གྱིས་ཁོར་ཡུག་སྲུང་སྐྱོབ་གཙོ་བོར་འཛིན་པའི་ཆོད་སེམས་བརྟན་པོ་བཅངས་ནས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ཁག་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། དྲ་མིག་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། ཐལ་རྡུལ་དོ་དམ་ཚོད་འཛིན་ཞིབ་ཚགས་ལ་སྐུལ་འདེད་གཏོང་བ།“རླངས་འཁོར་དང་། སྣུམ། ལམ”བཅས་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ།  སྐྱེ་ལྡན་དངོས་པོའི་སྦགས་བཙོག་བཅོས་སྐྱོང་དང་གཙོ་གནད་ལས་རིགས་ཀྱི་བཟོ་ལས་ཁེ་ལས་བཅོས་སྐྱོང་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དྭངས་གཙང་གི་མཁའ་རླུང་དེ་སྐྱེ་ཁམས་ཀྱི་ཕན་བདེ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱས།

ད་ལྟ་མཚོ་སྔོན་གྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དེ་མཛེས་སྡུག་གི་ཞིང་ཁམས་ཞིག་ཏུ་གྱུར་ཡོད་པས། མི་རྣམས་ཀྱིས་མཚོ་སྔོན་གྱི་རྣམ་པ་དང་རིན་ཐང་ལ་བསྔགས་བརྗོད་ཡང་ཡང་བྱེད་ངེས།

འདས་པའི་ལོ་འགའི་ནང་།  མཚོ་སྔོན་ཞིང་ཆེན་གྱིས་ས་རྒྱུའི་དོན་ཚན་བཅུ་དང་མཚོ་སྔོན་ཞིང་ཆེན་གྱི་ལས་ཀའི་ཇུས་གཞིའི་ནང་གཏན་འབེབས་བྱས་པའི་ལས་འགན་གཙོ་བོ་རྩ་འཛུགས་དང་ལག་བསྟར་ནན་མོ་བྱས་ཏེ། ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་བྱས་ནས་ཞིང་སྤྱོད་ས་ཆ་ཞིབ་བཤེར་གྱི་གྲུབ་འབྲས་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་མ་ཟད་གྲུབ་འབྲས་ཀྱི་གཞི་གྲངས་མཉམ་སྤྱོད་བྱས་པ་དང་། གཙོ་གནད་ལས་རིགས་ཀྱི་ཁེ་ལས་ཀྱིས་སྤྱོད་པའི་ས་ཆར་བརྟག་དཔྱད་བྱས་ནས་ས་ཆ་609ཡོངས་འགྲུབ་བྱས་ལ། ས་ཆ42ལ་ཆ་འཕྲིན་འཚོལ་བསྡུ་རགས་ཙམ་བྱས་ཤིང་། ལག་རྩལ་གྲུབ་འབྲས་དེ་བླང་བྱ་ལྟར་སྐྱེ་ཁམས་ཁོར་ཡུག་པུའུ་ལ་ཡར་ཞུ་བྱས་ཡོད་པ་རེད།

ཀེ་སོགས་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འབྱུང་ཁུངས་རྩད་ཞིབ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ།  ལྕི་བའི་ལྕགས་རིགས་དང་འབྲེལ་བའི་གཙོ་གནད་ལས་རིགས་ཁེ་ལས་ཀྱི་ཞིབ་ཐོ་དོ་དམ་བྱས། གནད་ཆེའི་ལས་རིགས་ཀྱི་འཛུགས་སྐྲུན་ལས་གཞི་གསར་སྐྲུན་དང་། བསྒྱུར་བཀོད། རྒྱས་སྐྲུན་བཅས་བྱེད་པ་ཚང་མར་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚད་འདྲ་མཚུངས་ཡིན་པའི་བླང་བྱ་ལག་བསྟར་བྱས་ཏེ། ཞ་ཉེ་བཙོ་སྦྱངས་དང་། གཞི་ཁྱོན་ཆུང་བ། བཟོ་རྩལ་རྗེས་ལུས་ཡིན་པ་བཅས་ཀྱི་ལག་རྩལ་དང་ཏི་ཚའི་ཐོན་སྐྱེད་འཁོར་ཁང་མེད་པར་བཟོ་བ་དང་སྒོ་བརྒྱབ་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྐོར་དང་པོའི《མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་ཐད་བཀོལ་བའི་ས་ཆའི་ས་རྒྱུ་སྦགས་བཙོག་གི་ཉེན་ཁ་དོ་དམ་ཚོད་འཛིན་དང་ཉམས་གསོའི་མིང་ཐོ》འགྲེམ་སྤེལ་བྱས་པ་དང་།  སྦགས་བཙོག་ས་ཆ་ཡང་བསྐྱར་གསར་སྤེལ་བེད་སྤྱོད་བྱེད་པའི་སྡེ་ཁག་དང་མཉམ་འབྲེལ་ལྟ་སྐུལ་དོ་དམ་རྐྱེན་སྲོལ་བཙུགས།

གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཡོད། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཀན་ཧོ་བཟོ་ལས་གླིང་ཁུལ། ན་གོར་མོ་ཁུ་ནུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་བཟོ་ལས་ཀྱི་སྲ་གཟུགས་གད་སྙིགས་གཅིག་བསྡུས་ཀྱིས་ཐག་གཅོད་བྱེད་པའི་སྒྲིག་བཀོད་བཙུགས། ཟི་ལིང་གྲོང་ཁྱེར་གྱི་བཟོ་ལས་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་ཉེན་ཡོད་བཟོ་ལས་གད་སྙིགས་ཕྱོགས་བསྡུས་བེད་སྤྱོད་དང་དེ་བཞིན་སྤྱི་ཚོགས་ནས་ཐོན་པའི་ཉེན་ཡོད་གད་སྙིགས་གཅིག་བསྡུས་བསྡུ་རུབ་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དང་གཙང་སེལ་བྱེད་ནུས་ལོ་རེར་ཏུན་ས་ཡ་གཅིག་འབུམ་དགུ་ཟིན་ནས་ཞིང་ཆེན་ཡོངས་ཀྱི་དགོས་མཁོ་སྤྱིའི་ཆ་ནས་བསྐངས་ཡོད། དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། རིམ་བསགས་ཀྱིས་མ་དངུལ་བཏང་ནས་སྡེ་བ་དང་འབྲོག་པའི་གཏན་སྡོད་ཁུལ4515བཅོས་སྐྱོང་བྱས་ཏེ་ཞིང་ཆེན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱིས་ས་རྒྱུ་དང་། ཞིང་སྡེའི་འཚོ་བའི་བཙོག་ཆུ། ས་འོག་གི་ཆུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྨོ་ཞིང་གི་ས་རྒྱུའི་ཁོར་ཡུག་ལ་རིགས་དབྱེ་དོ་དམ་དང་ས་རྒྱུའི་ཁོར་ཡུག་གི་གཙོ་གནད་ཁེ་ལས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་རྨང་གཞིའི་ཐོག ཉེན་ཁ་ཆེ་བའི་ཟོག་རོ་བསྡུ་རུབ་དང་ཐག་གཅོད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་འཚོ་སྡོད་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས།

ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཆུ་དང་། བརླན་ས། ནགས་ཚལ། རྩྭ་ཐང་བཅས་ཀྱི་སྔོ་ལྗང་བར་སྟོང་གིས70%ཟིན་པ་དང་། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད7.5%བར་ཇེ་མཐོར་སོང་བ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད57.4% ཟིན་ཡོད་པས།    དག་གཙང་གི་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཅིག་ཏུ་གྱུར་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།