མཚོ་སྔོན་དུ་ལྗང་བསྒྱུར་ལ་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས།
2021.04.16 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 17

 2020ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་རྒྱ་ཁྱོན་སྤྱི་ཆིངས་འབུམ་བཞི་ཁྲི་དྲུག་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ7དང་ཞིང་ཆེན་རིམ་པའི་ནགས་ཚལ་སྡེ་བ15བསྐྲུན་པ། ཞིང་ཆེན་ཡོངས་སུ་ནགས་ཚལ་ཁྱབ་ཚད7.5%བར་ཇེ་མཐོར་སོང་ནས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་འགོའི6.3%ནས་བརྒྱ་ཆའི་གྲངས་ཐིག་གཅིག་དང་གྲངས་ཆུང་གཉིས་བར་ཇེ་མཐོར་ཕྱིན་པ་དང་རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད57.4%ཟིན་ཡོད།

ལྗང་མདོག་ཐོན་ལས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་།

ལོ་དེར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱུང་བ་དང་ཆབས་ཅིག རྒྱལ་ཁབ་ཀྱི་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ལེགས་འགྲུབ་བྱུང་། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རེ་ཞུའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརྟག་དཔྱད་ཚད་ལེན་དང་སྡེབ་སྒྲིག་ལེགས་སྒྱུར་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་པ། རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་4ཕན་འབྲས་ལྡན་པའི་ངང་བཏོད་པ་དང་།   ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་འཛམ་གླིང་ས་གཤིས་སྤྱི་གླིང་དུ་རེ་ཞུའི་ཚན་པར་འོས་སྦྱོར་བྱས།

སྐྱེ་ཁམས་ཡུལ་སྐོར་དང་འཕང་འབྲས་ཕྱོགས་བསྡུས་བེད་སྤྱོད་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་ནགས་ཚལ་ཁམས་གསེང་རྟེན་གཞི2གསར་སྐྲུན་བྱས་པ་དང་། རྒྱལ་ཁབ་རིམ་པའི་ནགས་ཚལ་དང་རྩྭ་ཐང་གི་སྣེ་འདྲེན་ཁེ་ལས3གསར་དུ་གཏན་འཁེལ་བྱས་པ། རྒྱལ་ཁབ་ཀྱི་གཙོ་གནད་ནགས་ཤིང་སོན་བཟང་ས་ཆ6དང་ནགས་ཤིང་སོན་བཟང་ཐོན་ཁུངས་མཛོད2བསྐྲུན་ཡོད། དབུལ་ཐར་མཁྲེགས་གཏོར་གྱི“འགག་གནད་སེལ་བའི”ཆེད་དོན་བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་བཟོ་འགོད་ཀྱིས་དབུལ་ཐར་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་དང་། ནགས་ཚལ།  བརླན་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ལྷག་ཟིན་ཡོད།

2020ལོར་འོས་འགན་སྡོང་ཕྲུག་རྐང་བྱེ་བ་གཅིག་ས་ཡ་དགུ་བཙུགས།

ལོ་དེར་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འོས་འགན་སྡོང་འཛུགས་ལས་དོན་གཏིང་ཟབ་ཏུ་སྤེལ་ནས་སྲ་བརྟན་མཐོར་གཏོང་གི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱེད་འགོ་ཚུགས། མི་རིགས་མཐུན་སྒྲིལ་གྱི་ནགས་ཚལ་དང་། དང་བླངས་པའི་ནགས་ཚལ། རྒྱལ་སྲུང་ནགས་ཚལ། མཚོ་སྐྱོར་ནགས་ཚལ། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་དྲན་གསོའི་ནགས་ཚལ་སོགས་འོས་འགན་སྡོང་འཛུགས་རྟེན་གཞི་ཁག་གཅིག་གསར་སྐྲུན་བྱས་པ་དང་། ཞིང་ཆེན་རིམ་པའི་དྲ་སྦྲེལ་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རྟེན་གཞི་14བསྐྲུན་པ། ལོ་ཧྲིལ་པོར་འོས་འགན་སྡོང་འཛུགས་རྐང་བྱེ་བ་གཅིག་ས་ཡ་དགུ་ཡོངས་འགྲུབ་བྱས་པ་དང་འོས་འགན་སྡོང་འཛུགས་ལ་ཞུགས་མཁན་མི་ཐེངས་ས་ཡ་གསུམ་ཟིན་ཡོད།

དེའི་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་ཚལ་ཚོད་ལྟའི་འཛུགས་སྐྲུན་དང་ལྷོ་བྱང་རི་བོའི་ལྗང་བསྒྱུར་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་དང་ཞིང་སྡེའི་ལྗང་བསྒྱུར་ལ་སྐུལ་འདེད་ཆེན་པོ་བཏང་བས། གྲོང་ཁྱེར་དང་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གྱུར་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེ་འགོག་བྱེ་བཅོས་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ས་ཆ་བྱེ་འགྱུར་གྱི་འཕེལ་ཕྱོགས་བཀག་འགོག་ནུས་ལྡན་བྱས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མདོ་ལ་རིང་བོ་དང་མཚོ་སྔོན་པོ་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ས་ཁོངས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་བྱེ་འགྱུར་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་ལ་ཤུགས་སྣོན་དང་རྩྭ་ས་ཞན་འགྱུར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྔོ་ལྗང་སླར་གསོའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཞིང་ཆེན་ཐད་གཏོགས་སྡེ་ཁག་གིས་རང་འགན་རང་འཁུར་གྱིས་བཅོས་སྒྱུར་གསར་གཏོད་གཏིང་ཟབ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཧུར་ཐག་གིས་བརྩོན་ལེན།  རྒྱལ་ཁོངས་ལྗང་བསྒྱུར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།

མཚོ་སྔོན་གྱི་ཁྱད་ལྡན་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་ཀྱི་མ་ལག་བཙུགས།

ལོ་དེར་མཚོ་སྔོན་ཞིང་ཆེན་གྱིས་དོ་དམ་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། 《རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》བཟོས་ནས་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་ཀྱི་མ་ལག་བཙུགས། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་འདེབས་སྐྱེ་ཁམས་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཞིང་ཆེན་ཡོངས་སུ་གནའ་བོའི་ཤིང་སྡོང་སྲུང་སྐྱོབ་དང་བདག་སྐྱོང་ལས་དོན་ཐེངས་དང་པོ་སྤེལ་བ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྱི་ལོ་རེའི་ནགས་ཚལ་གཅོད་པའི་བཅད་གྲངས་བཟོས་ནས་ནགས་ས་དང་། སྤང་ཤ། བརླན་ས་བཅས་བཟུང་བསྡུ་སྤྱོད་གསུམ་གྱི་འགྲོ་ལུགས་ལ་ཞིབ་མཆན་ནན་མོ་བཀོད་པ། “འགན་ལེན་གཉིས་དང་མཉམ་འབྲེལ་ལྔའི”མེ་ཟོན་ལས་དོན་གྱི་རྐྱེན་སྲོལ་གསར་གཏོད་བྱས་ཏེ། ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང“སྔོ་ལྗང་སྲུང་སྐྱོབ” སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཤུགས་ཆེན་པོས་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱས་ཡོད།

སྲིད་ཇུས་ཀྱི་འགན་སྲུང་བྱེད་ཐབས་ཇེ་ཆེར་བཏང་བ་དང་མ་དངུལ་གཏོང་བའི་རྐྱེན་སྲོལ་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱལ་ཡོངས་སུ་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར1ཐོག་མར་བཀྲམ་པའི་རྨང་གཞིའི་ཐོག་སླར་ཡང་ཆེད་དམིགས་དངུལ་འཛིན་སྒོར་དུང་ཕྱུར2བཀྲམ་པ་དང་། སྤྱི་ཆིངས་བྱེ་བ་ལྔ་ས་ཡ་བཞིའི“གྲོག་མའི་ནགས་ཚལ”གྱི་སྤྱི་ཕན་ནགས་བཟོའི་རྣམ་གྲངས་ས་ཡ་དགུ་ལག་བསྟར་བྱས་པ་དང་། ནུབ་རྒྱུད་ས་ཁུལ་གྱི་ནགས་ལས་ཐཱན་འདུས་ཏུན་འབུམ་གཉིས་ཁྲི་ལྔ་སྟོང་བཞི་ཡི་ཉོ་ཚོང་ཐོག་མ་ལེགས་འགྲུབ་བྱུང་ནས། ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་དང་དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་།  ལོ་ཧྲིལ་པོར་ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་འཛུགས་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་དྲུག་བཅུ་དང་བྱེ་བ་དགུ་ས་ཡ་ལྔ་བཏང་བ་དེ་དུས་མཉམ་ལས་14.5%འཕར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།