མ་ཡུམ་ཆུ་བོ་སྟེ། རྨ་ཆུར་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་ཁྲིམས་འཛུགས་དགོས།
2021.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

 རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ། རྨ་ཆུས་ཀྲུང་ཧྭའི་བུ་རབས་ཚ་རྒྱུད་བགྲང་གིས་མི་ལངས་བ་དང་གནའ་བོའི་རླབས་ཆེན་གྱི་ཀྲུང་ཧྭའི་ཤེས་དཔལ་བསམ་གྱིས་མི་ཁྱབ་པ་སྐྱེད་སྲིང་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུར་ཡུལ་དངོས་གཟིགས་ཞིབ་ཐེངས་མང་གནང་བ་མ་ཟད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་འཛུགས་རྒྱུར་ཁྲིད་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་། ད་ལོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་འཛུགས་པ་དེ་ཁྲིམས་འཛུགས་འཆར་གཞིའི་ནང་བཀོད་ཡོད།

ཟླ4ཚེས9ནས་ཚེས13ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་རྨ་ཆུའི་སྲུང་སྐྱོབ་ཁྲིམས་འཛུགས་ལ་དམིགས་ནས་རྟོག་ཞིབ་བྱས་ཤིང་། རྟོག་ཞིབ་ས་ཚིགས་དང་པོ་རྨ་ཆུའི་འབབ་རྒྱུད་ཀྱི་ཧྲའན་ཞི་ཞིང་ཆེན་དུ་གཏན་འཁེལ་བྱས་པ་རེད།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་འཛུགས་པར། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྐྱེ་ཁམས་སྔོན་མ་དང་། ལྗང་མདོག་འཕེལ་རྒྱས། ཆུར་བསྟུན་ལས་སྒྲུབ། ཆུ་གྲོན་ཆུང་གཙོར་འཛིན། ཡུལ་བབ་དང་བསྟུན་པ། རིགས་དབྱེའི་ཇུས་འགོད། སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད། སྲུང་སྐྱོབ་ཆེན་པོའི་ལས་དོན་དམ་འཛིན། བཅོས་སྐྱོང་ཆེན་པོའི་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བླང་བྱ་དང་དེ་བཞིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ཚང་མ་བཅའ་ཁྲིམས་ཁྲོད་དུ་མཚོན་པར་བྱ་དགོས།

ཟླ4ཚེས9ཉིན། རྟོག་ཞིབ་ཚན་ཆུང་ཐོག་མར་ཧྲའན་ཞི་ཡུས་ལིན་གྱི་ཅཱ་རྫོང་དུ་བསྐྱོད་དེ་རྟོག་ཞིབ་བྱས་ཤིང་། རྨ་ཆུའི་བར་སྟོད་རྒྱུད་དུ་གནས་པའི་ཅཱ་རྫོང་གི་རྫོང་མཁར་དེ་རི་སྒང་ཞིག་ཏུ་ཆགས་ཡོད་ལ། རྨ་ཆུ་མཁར་དཀྱིལ་བརྒྱུད་ནས་བཞུར་གྱི་ཡོད་པ་རེད།  སྔོན་ཆད་མཐའ་འཁོར་གྱི་བྱེ་འགྱུར་རྣམ་པ་ཚབས་ཆེན་ཡིན་མོད། རྒྱུན་མཐུད་བྱེ་འགོག་ནགས་སྐྲུན་བྱས་པ་བརྒྱུད།  ད་ལྟ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

རྟོག་ཞིབ་ཚན་ཆུང་གིས་བལྟས་ན། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་འཛུགས་པའི་དགོངས་གཞི་གཙོ་བོ་ནི་སྲུང་སྐྱོབ་དང་བཅོས་སྐྱོང་བྱ་རྒྱུ་དེ་ཡིན་ལ། རྨ་ཆུར་སྲུང་སྐྱོབ་ཡག་པོ་དང་བཅོས་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་རྩའི་འགན་ལེན་མཁོ་འདོན་བྱེད་ཐུབ་པ་དང་། གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཐུབ་པར་སྙམ་ཡོད།

ཁྲིམས་འཛུགས་ཐད་ཀྱི་ཐུན་མོང་ངོས་ཟིན་གཅིག་བསྡུས་བྱ་ཆེད། ཟླ4ཚེས13ཉིན། རྟོག་ཞིབ་ཚན་ཆུང་གིས་ཞི་ཨན་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག་ཞུགས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།  ཁྲིམས་འཛུགས་ལ་བརྟེན་ནས་རྨ་ཆུར་སྲུང་སྐྱོབ་ཇི་ལྟར་བྱེད་པའི་ཐད་མཉམ་དུ་གྲོས་མོལ་བྱས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ་ནི་ཚང་མས་ཆེས་དོ་ཁུར་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ཀན་སུའུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཁི་ཀུང་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གཉིས་ཀྱིས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་ཞིང་། རྟོག་ཞིབ་ཚན་ཆུང་གིས་རྨ་ཆུའི་སྟོད་རྒྱུད་ནི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ཞིག་ཡིན་པས།  འགོ་ཁུངས་ཀྱི་ཆུ་ལག་དྭངས་མོ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པར་ངོས་འཛིན་བྱས་པ་དང་། རྟོག་ཞིབ་ཚན་ཆུང་གིས་ཧྲའན་ཞི་ནས་ཝེ་ཧོ་གཙང་པོའི་བྱང་ངོགས་ཀྱི་ས་ཆུ་ཤོར་བ་ཚབས་ཆེ་བ་སོགས་ཀྱི་ས་ཁུལ་དུ། ཐེམ་པ་དང་། ལུང་ཤུར། ལུང་གཟར། ལུང་གཞུང་བཅས“ཕྱོགས་བཞི་གཞི་གཅིག”གི་འགོག་སྲུང་བྱེད་ཐབས་འཚོལ་ཞིབ་བྱུང་ཡོད་པ་ཤེས་རྟོགས་བྱུང་། རྟོག་ཞིབ་ཚན་ཆུང་གིས་བྱེད་སྟངས་བཟང་པོ་ཁག་གཅིག་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་ནན་ཏན་བྱས་རྗེས་བཅའ་ཁྲིམས་ནང་འགོད་ཆོག་པའི་ངོས་འཛིན་བྱས་པ་རེད།

ཆུ་ནི་རྨ་ཆུའི་ཆེས་མངོན་གསལ་གྱི་གནད་དོན་ཡིན་པ་རེད།  རྨ་ཆུའི་ཆུའི་ཐོན་ཁུངས་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི2%ལས་ཟིན་མེད་ཀྱང་རྒྱལ་ཡོངས་ཀྱི་མི་གྲངས་ 12%གསོ་སྐྱོང་དང་རྒྱལ་ཡོངས་ཀྱི་རྨོ་ཞིང15%ལ་ཆུ་འདྲེན་གྱིན་ཡོད་པས།  མི་རེའི་ཆ་སྙོམས་ཟིན་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་27%ཡིན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཆུར་བསྟུན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུར་བསྟུན་ནས་ས་ཆ་གཏན་འཁེལ། ཆུར་བསྟུན་ནས་མི་གྲངས་གཏན་འཁེལ། ཆུར་བསྟུན་ནས་ཐོན་ལས་གཏན་འཁེལ”བཅས་བྱེད་པ་སྣེ་ཁྲིད་དུ་བརྩི་བ་དང“  གཅུན་སྡོམ་ནན་མོ”དམིགས་ཚད་དུ་ཇི་ལྟར་བརྩི་དགོས་ཞེ་ན། རྟོག་ཞིབ་ཚན་ཆུང་གིས་ཆུ་ཚོད་འཛིན་བྱེད་པའི་ཐད་ངེས་པར་ཏུ་དམར་ཐིག་བཟོས་ནས་གཅུན་སྡོམ་རང་བཞིན་དང་བཙན་སྐུལ་རང་བཞིན་གྱི་བླང་བྱ་འདོན་དགོས་པ་མ་ཟད། ཆུ་གྲོན་ཆུང་བྱེད་ཐབས་གལ་ཆེན་དག་ཁྲིམས་ལ་བསྒྱུར་ཏེ། བཅའ་ཁྲིམས་ཐོག་ནས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལམ་ལུགས་ནན་མོ་འཛུགས་དགོས་པའི་ངོས་འཛིན་བྱས་པ་རེད།

ཧྲའན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་གོ་ཀྲུང་གིས་བཤད་རྒྱུར། ཧྲའན་ཞི་ཞིང་ཆེན་གྱིས་སྦགས་བཙོག་ཆེན་པོ་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གི་མ་ལག་ལྔ་བཙུགས་ཤིང་། “ཆུ་བོ་གཅིག་ལ་ཐབས་ཇུས་གཅིག”དང་“མཚེའུ་གཅིག་ལ་ཐབས་ཇུས་གཅིག”གི་རྣམ་པས་རྨ་ཆུའི་ཆུ་གཞུང་དང་ཡན་ལག་ཆུ་བོ་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་ཡིན།  རྟོག་ཞིབ་ཚན་ཆུང་གིས་ཉམས་མྱོང་དང་བྱེད་ཐབས་ཡག་པོ་དེ་དག་བཅའ་ཁྲིམས་གཏན་འབེབས་བྱེད་སྐབས་ནན་ཏན་སྒོས་ཞིབ་འཇུག་དང་བསྡུ་ལེན་བྱ་དགོས་ཞེས་བསྟན།

རྨ་ཆུ་ནི་གོ་ལ་ཧྲིལ་པོའི་བྱེ་འདམ་འདུས་ཚད་ཆེས་མཐོ་བ་དང་བཅོས་སྐྱོང་གི་དཀའ་ཁག་ཆེས་ཆེ་བའི་ཆུ་བོའི་གྲས་ཤིག་ཡིན་ཞིང་། ད་ལྟ་ཆུ་བོའི་སྨད་རྒྱུད་དུ་ཆུ་བཞུར་ཚད་སྤྱི་ལེ800ཟིན་པ་རེད། ཧྲན་ཏུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལེང་གིས་བཤད་རྒྱུར། ཧྲན་ཏུང་ལ་གནད་དོན་དེ་ཧ་ཅང་མངོན་གསལ་ཡིན་པ་རེད།  ཆུ་ལོག་བྱུང་ཚེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད།

རྟོག་ཞིབ་ཚན་ཆུང་གིས་ཆུ་དང་བྱེ་མའི་འབྲེལ་བ་སྙོམས་སྒྲིག་ལེགས་པོ་བྱས་ཏེ།  ཕྱོགས་བསྡུས་རང་བཞིན་གྱི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྨ་ཆུའི་རྒྱུད་ཀྱི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁྲིམས་སྐྱོང་འགོག་སྲུང་བརྟན་པོ་སྐྲུན་དགོས་ཞེས་བསྟན།

འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དོ་དམ་ཚོད་འཛིན་གྱི་གནད་དོན་ལ་དམིགས་ཏེ་ཧྲན་ཞིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཅུན་མེན་དང་སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧུང་པོ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་བཤད་རྒྱུར། རྨ་ཆུའི་འབབ་རྒྱུད་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་འཇིགས་སྐུལ་ཐེབས་པ། སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་ཛ་དྲག་ཆེ་བ་རེད། རྟོག་ཞིབ་ཚན་ཆུང་གིས་བལྟས་ན།  བཅའ་ཁྲིམས་ཀྱིས་འབབ་རྒྱུད་ཀྱི་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ལྟ་སྐུལ་ཚོད་འཛིན་གྱི་ཉེན་ཟོན་ཉེན་བརྡའི་མ་ལག་བཙུགས་ནས། འབྱུང་སྲིད་པའི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁའི་དོན་རྐྱེན་དང་དེ་བཞིན་ཉེན་ཁའི་རྒྱུ་རྐྱེན་ལ་ཁྲིམས་ལྟར་ལྟ་ཞིབ་ཚད་ལེན་དང་། དབྱེ་ཞིབ། སྔོན་དཔག ཉེན་ཟོན་སྔོན་བརྡ། ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་སོགས་བྱས་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་དགོས་པ་རེད།

ཧི་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་སུའུ་ཕེན་དང་ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཕུན་ཡིའུ་ཏུང་གཉིས་ཀྱིས་བཤད་རྒྱུར། “སྡེ་ཁག་མང་པོས་བཅོས་སྐྱོང་”དང་ཁག་བགོས་དོ་དམ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན། ཀྲུང་དབྱང་གིས་གཅིག་འདོམས་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་དགོས། རྟོག་ཞིབ་ཚན་ཆུང་གིས་བལྟས་ན། རྨ་ཆུའི་འབབ་རྒྱུད་ཀྱི་དོ་དམ་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་བསམ་འཆར་དེ་དག་བཅའ་ཁྲིམས་ཁྲོད་མཚོན་པར་བྱས་ནས།  སྤྱོད་གོ་ཆོད་པ་དང་ལག་བསྟར་ཆོག་པ། བཀོལ་སྤྱོད་ཐུབ་པ་བཅས་ཀྱི་ལམ་ལུགས་དང་གཏན་འབེབས་ཆ་ཚང་ཞིག་ཆགས་པར་བྱ་དགོས་པར་སྙམ།

ཧྲིན་ཆོན་པའོ་གསར་བརྗེའི་དྲན་གསོ་ཁང་ནི་ཅཱ་རྫོང་གི་ནུབ་ཕྱོགས་སུ་ཡོད་པ་དང་། མའོ་ཙེ་ཏུང་དང་ཏང་ཀྲུང་དབྱང་ཧྲའན་པེ་རུ་བསྐྱོད་སྐབས། ཅཱ་རྫོང་དུ་ཉིན100ལྷག་ལ་འཚོ་བ་སྐྱེལ་བ་དང་འཐབ་འཛིང་བྱས་མྱོང་བ་མ་ཟད། གནས་དེ་ནས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བསྒྲགས་གཏམ》སྤེལ་བ་རེད། མའོ་ཙེ་ཏུང་གིས་རྫོང་ཏང་ཨུ་ལ“ངལ་རྩོལ་མི་དམངས་ཆེས་མང་ཤོས་ཀྱི་ཕྱོགས་སུ་འགྲེང་དགོས”ཞེས་པའི་ཕྱག་བྲིས་གནང་མྱོང་།

རྟོག་ཞིབ་ཚན་ཆུང་གིས་དེ་གར་སྲོལ་རྒྱུན་གྱི་རིག་གནས་ཡོད་པ་མ་ཟད། གསར་བརྗེའི་རིག་གནས་ཀྱང་ཡོད་པས་གསར་བརྗེའི་ཡུལ་སྐོར་གསར་སྤེལ་ཡག་པོ་བྱེད་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་སྒྲིག་ཆས་སྲུང་སྐྱོབ་ཡག་པོ་བྱས་ནས་ཕུལ་བྱུང་གི་རིག་གནས་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ལེགས་པོ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན།

རྨ་ཆུའི་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རིག་གནས་ཀྱི་རྩ་བ་གཏིང་ཟབ་མོ་ལྡན།  དེ་གར་རྨ་ཆུ་དང་ཙོང་ཆུའི་རིག་གནས་དང་། ཀོན་ཀྲུང་ས་ཁུལ་གྱི་རིག་གནས།  ཆི་ལུའུ་རིག་གནས་སོགས་ཁྱད་ཆོས་མངོན་གསལ་དོད་པའི་ས་ཁོངས་ཀྱི་རིག་གནས་ཡོད་ལ། ལོ་རྒྱུས་རིག་གནས་ཀྱི་ཤུལ་གཞག་སྐར་ཚོགས་བཀྲམ་པ་ནང་བཞིན་ཕུན་སུམ་ཚོགས་པ་རེད། རྨ་ཆུའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་ནི་རྨ་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས། ལོ་རྒྱུས་རིག་གནས་ལ་སྲུང་སྐྱོབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་དགོས། རྟོག་ཞིབ་ཚན་ཆུང་གིས་རྨ་ཆུའི་རིག་གནས་ཐོན་ཁུངས་རྟོག་ཞིབ་ངོས་འཛིན་དང་། རྨ་ཆུའི་རིག་གནས་ཤུལ་གཞག་གི་ཁྱམས་རིང་འཛུགས་སྐྲུན། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན། རྨ་ཆུའི་རིག་གནས་ཀྱི་ཡུལ་སྐོར་རྒྱུད་གཏོད་པ་སོགས་བྱེད་ཐབས་གལ་ཆེན་ལ་བཅའ་ཁྲིམས་ཀྱི་ཐོག་ནས་སྐུལ་འདེད་གཏོང་དགོས་པ་དང་། ཡུལ་སྐོར་ཐོན་ལས་དེ་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གཙོ་བོའི་གྲས་སུ་གཏན་ཁེལ་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོབ་། དར་སྤེལ་བཅས་བྱེད་པར་ཡང་སྐུལ་འདེད་གཏོང་དགོས། བཤིག་སྐྲུན་ཆེན་པོ་བྱས་ནས་རྨ་ཆུའི་རིག་གནས་གཏོར་བཤིག་གཏོང་མཁན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པའི་གྲོས་གཞི་བཏོན་པ་རེད།

སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད། འབབ་རྒྱུད་ཡོངས་ཀྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད། སྦགས་བཙོག་མ་ལག་བཅོས་སྐྱོང་། ཆུ་དང་བྱེ་མ་སྙོམས་སྒྲིག འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དོ་དམ་ཚོད་འཛིན་བཅས་འབུར་དུ་ཐོན་པར་ཚན་རིག་ལྟར་ཁྲིམས་འཛུགས་དང་། དམངས་གཙོས་ཁྲིམས་འཛུགས། ཁྲིམས་བསྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱ་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་བྱས་ནས། ཕྱོགས་ཁག་གི་བསམ་འཆར་དང་གྲོས་གཞིར་ཉན་པའི་དམིགས་ཡུལ་ནི་རྨ་ཆུ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་བཟང་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་བཟང་པོ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བཅའ་ཁྲིམས་བཟང་པོ་བཅས་གཏན་འབེབས་བྱ་རྒྱུའི་ཆེད་དུ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།