ཕྱུགས་ཟོག་འཚོ་སྐྱོང་འོས་འཚམ་བྱས་ན་རྩྭ་ས་ལ་ཕན་པ་རེད།
2021.05.17 ཁུངས། ཀློག་གྲངས། 33

“ཕྱུགས་ཟོག་འཚོ་སྐྱོང་བྱས་པ་ལས་རྩྭ་སའི་རྩི་ཤིང་ལ་གནོད་པ་ཐེབས་འདུག”ཅེས་པ་ནི་བཤད་ཚུལ་གསར་བ་ཞིག་མིན་ཡང་རྒྱུན་པར་གླེང་བཞིན་ཡོད་པ་ཞིག་རེད། ཉེ་ལམ། 《རྩི་ཤིང་རིག་པ་བ་གསར་བ》ཞེས་པའི་དུས་དེབ་ཏུ་སྤེལ་བའི་ཞིབ་འཇུག་གྲུབ་འབྲས་ཤིག་ཏུ། ཕྱུགས་ཟོག་འཚོ་སྐྱོང་འོས་འཚམ་བྱས་ན། རྩི་ཤིང་འགའ་ཞིག་གི་གནོད་སྐྱོན་ཇེ་ཉུང་དུ་གཏོང་བ་ལ་ཕན་པས། རྩྭ་ས་སྲུང་སྐྱོབ་བྱས་འདུག་ཅེས་བསྟན་ཡོད།

མིག་སྔར། རང་རྒྱལ་གྱི་རྩྭ་ས་སྤྱི་ཆིང་དུང་ཕྱུར་བཞི་ཙམ་གྱི་ཐོག་ན། ནོར་ལུག་དུང་ཕྱུར་མང་པོ་འཚོ་བཞིན་ཡོད་པ་དང་། ནོར་ལུག་དང་རྩྭ་ས་གཉིས་ནི་གཅིག་ལ་གཅིག་བརྟེན་དུ་ཡོད་སྟབས། ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ཚད་ལས་བརྒལ་ན། རྩྭ་ས་ལ་ཤན་ཤུགས་ཅི་འདྲ་ཐེབས་པ་ཡིན་ནམ།

རྫི་བོས་ཕྱུགས་འཚོ་བ།

གཅིག རྩི་ཤིང་གི་གནོད་སྐྱོན(植物病害)ཞེས་པ་ཅི་ཡིན་ནམ།

རྩི་ཤིང་གི་གནོད་སྐྱོན་ཞེས་པ་ནི་རྩི་ཤིང་ལ་སྐྱེ་དངོས(生物)སམ་ཡང་ན་སྐྱེ་དངོས་མ་ཡིན་པའི་རྒྱུ་རྐྱེན་གྱི་དབང་གིས། རྩི་ཤིང་གི་རྣམ་པ་དང་སྐྱེ་ཚུལ་སོགས་ལ་ནད་སྐྱོན(病害)གྱི་འགྱུར་ལྡོག་བྱུང་སྟེ་རང་བཞིན་གྱི་སྐྱེ་འཕེལ་དང་འཚར་ལོངས་ལ་གནོད་པ་བྱུང་བ་ལས། མིའི་རིགས་ཀྱི་དཔལ་འབྱོར་ཁེ་ཕན་ལ་ཤན་ཤུགས་ཐེབས་པའི་སྣང་ཚུལ་ཞིག་ཡིན། རྩི་ཤིང་གི་གནོད་སྐྱོན་འབྱུང་བ་ལ། ནད་གཞི(病原体)དང་རྟེན་ས།(寄主) ཁོར་ཡུག་བཅས་ཀྱི་ཆ་རྐྱེན་གསུམ་འཛོམས་དགོས་པ་རེད།

མཚམས་སྦྱོར་བྱས་པར་གཞིགས་ན། ནད་གཞི་ཡི་འཚོ་སྟངས་ཁྱད་ཆོས་ལ་དམིགས་ཏེ་གསོན་དངོས་སུ་གནས་པའི་ནད་གཞི(活体营养型病原体)དང་ཤི་དངོས་སུ་གནས་པའི་ནད་གཞི(死体营养型病原体)གཉིས་སུ་བགར་ཆོག་ལ། སྔ་མ་ཡིན་ན། རྟེན་སའི་གསོན་དངོས་ཀྱི་ཕྲ་ཕུང་ནས་འཚོ་བཅུད་བླངས་ཏེ་འཚོ་བ་དང་། རྟེན་སའི་རྩི་ཤིང་སྐམ་རྗེས། ནད་གཞི་དེ་ཡང་གསོན་མི་ཐུབ་པ་རེད། རྗེས་མ་ནི་རྟེན་སའི་ཤི་དངོས་ནས་འཚོ་བཅུད་བླངས་ཏེ་གསོན་ཐུབ་པར་མ་ཟད། རྩི་ཤིང་སྐམ་པོ་དང་ས་ནང་སོགས་གང་དུའང་གནས་ཐུབ་པ་རེད།

གནག་ཕྱུགས་རི་ལ་འདེད་པ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

གཉིས། ཕྱུགས་ཀྱིས་རྩྭ་ཟོས་ན་རྩི་ཤིང་གི་གནོད་སྐྱོན་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ་བམ།

མདོ་དབུས་མཐོ་སྒང་ནི་ནོར་གནག་བྱེ་བ་གཅིག་ལྷག་འཚོ་བའི་གནས་མཆོག་ཅིག་ཡིན་པ་དང་། ནོར་གནག་ནི་རང་ས་རང་སྐྱེས་ཀྱི་རིགས་ཤིག་ཡིན་སྟབས། གྲངས་ཀ་མང་བའི་ཐོག་ལ་ཁྱབ་རྒྱ་ཡང་ཆེ་བས། བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ཚང་མར་སྤྱོད་རྒྱ་ཆེན་པོ་ལྡན་པ་ཞིག་ཡིན།

ཞིབ་འཇུག་མི་སྣ་ཡིས་ནོར་གནག་ཡུན་རིང་འཚོ་སྐྱོང་གི་གནས་ཤིག་ཏུ་རྩྭ་ས་སྤྱི་ཆིང་གཅིག་གི་ཐོག་ནས་ནོར་གནག་གཅིག་ཀྱང་མི་འཚོ་བ་དང་། དེ་ནས་ནོར་གནག(སོ་གཉིས་ཅན་ཞིག)གཅིག་འཚོ་བ། གཉིས་འཚོ་བ། གསུམ་འཚོ་བ་བཅས་ཀྱི་ཚོད་ལྟ་རིམ་པར་བྱས་ཏེ་ལོ་དྲུག་པ་ལ་རྩྭ་སའི་རྩི་ཤིང་གི་གནས་ཚུལ་ལ་བརྟགས་ན། ཕྱུགས་ཟོག་འཚོ་སྐྱོང་བྱས་པ་ལས་གསོན་དངོས་སུ་གནས་པའི་ནད་གཞི་ཡིས་རྩི་ཤིང་གི་གནོད་སྐྱོན་བསྐྱེད་པའི་ཚད་ཇེ་ཉུང་དུ་བཏང་ཡོད་པ་རེད། དཔེར་ན་བཙའ་ནད(锈病)ལྟ་བུ།

སྔོ་རྩྭ་དང་ཕྲ་མཐོང་འཕྲུལ་ཆས་ནང་གི་བཙའ་ནད་རྣམ་པ། པར་རིས་ཚན་སྤེལ་ཀྲུང་གོའི་དྲ་བ་ལས་དྲངས།

མི་མང་པོ་ཞིག་གིས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ནི་རྩྭ་ས་ལ་གནོད་པ་རེད་ཅེས་འདོད་པ་ཡིན། ཡིན་ནའང་། ནོར་ལུག་གིས་རྩྭ་ཟ་བའི་ཁྲོད་དུ། གསོན་དངོས་སུ་གནས་པའི་ནད་གཞི་ཡོད་པའི་དངོས་པོ་ཡང་ཟ་བཞིན་ཡོད་པ་ལས། རྩི་ཤིང་གི་གནོད་སྐྱོན་འབྱུང་ཚད་ཇེ་ཉུང་དུ་བཏང་བ་བརྒྱུད་ནས་རྩྭ་ས་ལ་སྲུང་སྐྱོབ་ཀྱང་བྱས་ཡོད།

ཚོད་ལྟ་ལས་ད་དུང་རྩྭ་ས་ནས་ཕྱུགས་ཟོག་འཚོ་སྐྱོང་བྱས་ན། གསོན་དངོས་སུ་གནས་པའི་ནད་གཞི་རིགས་ཀྱི་རྩི་ཤིང་གི་གནོད་སྐྱོན་ལ་ཚོད་འཛིན་ཐུབ་པ་མ་གཏོགས། ཤི་དངོས་སུ་གནས་པའི་ནད་གཞི་རིགས་ཀྱི་རྩི་ཤིང་གི་གནོད་སྐྱོན་ལ་ཤུགས་རྐྱེན་མངོན་གསལ་མེད་པའང་རྟོགས་པ་རེད།

ནོར་གནག་ལ་ཁལ་འགེལ་བ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

གསུམ། ནོར་ལུག་འཚོ་སྐྱོང་བྱེད་པ་ཅི་འདྲའི་མང་ན་དེ་འདྲའི་བཟང་བ་ཡིན་ནམ།

ནོར་ལུག་གིས་རྩྭ་ཟོས་པ་ལས་རྩི་ཤིང་གི་གནོད་སྐྱོན་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ་ན། ནོར་ལུག་འཚོ་སྐྱོང་གི་གྲངས་ཀ་ཇེ་མང་ནས་ཇེ་མང་ཡིན་ན་བཟང་ངམ།

གཞུང་ལུགས་ངོས་ནས་བཤད་ན། རྩྭ་ས་སྤྱི་ཆིང་གཅིག་གི་ཐོག་ནས་ནོར་གནག་གཅིག་ནས་གཉིས་ཙམ་འཚོ་སྐྱོང་བྱས་ན། རྩི་ཤིང་གི་གནོད་སྐྱོན་འབྱུང་བ་ལ་ཚོད་འཛིན་གྱི་ནུས་པ་ངེས་ཅན་ཞིག་ལྡན་པར་མ་ཟད། རྩྭ་སའི་རྩི་ཤིང་ལའང་གནོད་པ་ཆེན་པོ་མི་ཐེབས་པ་རེད། ཡིན་ནའང་། རྩྭ་ས་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ཚད་ལས་བརྒལ་བ་སྟེ། དཔེར་ན་རྩྭ་ས་སྤྱི་ཆིང་གཅིག་གི་ཐོག་ནས་ནོར་གནག་གསུམ་ཙམ་འཚོ་སྐྱོང་བྱས་ན། རྩྭ་ཟད་ས་འབྱུང་གི་རྣམ་པ་བྱུང་ནས་རྩྭ་ས་ཞན་འགྱུར་དུ་འགྲོ་བ་རེད།

1982ལོ་ནས2013ལོའི་བར་གྱི་མདོ་དབུས་མཐོ་སྒང་གི་རྩྭ་སའི་ཁེབས་ཚད་ཀྱི་འགྱུར་ལྡོག པར་རིས་ས་རྒྱུས་ཚན་རིག་ཅེས་པ་ལས་དྲངས།

ད་སྐབས། རྩྭ་ས་མང་པོ་ཞིག་ཏུ་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ཚད་ལས་བརྒལ་ནས་ཡོད་པ་དང་། ཚབས་ཆེ་བའི་རིགས་ལ་རྩྭ་སའི་སྐྱེ་ཁམས་མ་ལག་ཐོར་ཞིག་ཏུ་གྱུར་པའང་ཡོད། དེ་ལས་སྡུག་པ་ཞིག་ལ། ནོར་གནག་གིས་སྔོན་ལ་རང་ཉིད་དགའ་བའི་རྩྭ་རིགས་ཟ་བ་དང་། རྗེས་མར་རྩྭ་དཀོན་དུས། ད་གཟོད་ནམ་རྒྱུན་མི་བཟའ་བའི་རྩྭ་རིགས་ཟ་བ་རེད། དེ་ལྟར་ཡུན་རིང་འགོར་ན། རྩྭ་སའི་རྩི་ཤིང་གི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་ནས་ནམ་རྒྱུན་བཟའ་རྒྱུར་མི་དགའ་བའི་རྩྭ་རིགས་ཀྱི་ཁེབས་རྒྱ་ཇེ་ཆེར་འགྲོ་བ་རེད། གལ་ཏེ། ལྷག་ལུས་བྱུང་བའི་རྩི་ཤིང་འདིའི་རིགས་ཀྱི་ཐོག་ན་གསོན་དངོས་སུ་གནས་པའི་ནད་གཞི་ཡོད་ན། རྩི་ཤིང་གི་གནོད་སྐྱོན་འབྱུང་བ་ཡང་སྔར་བས་ཇེ་ཆེར་འགྲོ་བ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།