ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས།
2021.06.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

 ཡུས་ཧྲུའུ་ཁུལ་ནི“ཀྲུང་ཧྭའི་ཆུ་མཛོད”དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བར་གནས་ཡོད། གནས་འདིར་རྒྱལ་ཡོངས་དང་ཐ་ན་ཨེ་ཤ་ཡའི་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲོག་རྩ་དང་ས་ཁོངས་ནང་འཛམ་གླིང་ཐོག་གི་གདོད་མའི་གཞི་ཁྱོན་ཆེ་བའི་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྐྱེ་འཕེལ་དང་སྲུང་འཛིན་བྱེད་བཞིན་ཡོད་པས། ལྟག་ཆུ་བསྐྱིལ་གསོག་གི་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད། དེ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྐྱོད་ཁུལ་གྱི་གྲས་ཤིག་ཡིན་པས“ མཐོ་སྒང་གི་སྐྱེ་དངོས་རང་བྱུང་དངོས་རིགས་ཀྱི་ཐོན་ཁུངས་མཛོད”ཅེས་པའི་མཚན་སྙན་ཡང་ཡོད།

འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི“ཀྲེ་ཅང་གི་ཉམས་མྱོང་”སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་།“གསང་སྤྱོད་གསར་བརྗེ།”དང“ཁྱིམ་གཞིས་མཛེས་བཟོ།”། “མཛེས་སྡུག་གི་གྲོང་གསེབ”། “སྐྱེ་ཁམས་དཔལ་ཡོན་གསར་འཛུགས”སོགས་ཀྱི་ལས་གཞི་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་གྲུབ་འབྲས་རྒྱུན་མཐུད་ངང་རྒྱ་སྐྱེད་དང་སྲ་བརྟན་དུ་བཏང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ།  རིམ་པ་རེ་རེ་བཞིན་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་ནན་མོ་ལག་བསྟར་བཅས་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དུས་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་།  སྐྱེ་ཁམས་ཀྱི་རང་རྟོགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་ས་ཁོངས་ཧྲིལ་པོར་བཅོས་སྐྱོང་བྱེད་པ། ལྗང་མདོག་གི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་རེད།

དེར་མ་ཟད་ཡུས་ཧྲུའུ་ཡིས་ཁུལ་ཡོངས་ཀྱི་སྟོབས་ཤུགས་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་རིན་པོ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནུས་པ་འཛུགས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གལ་ཆེན་ལ་སྐུལ་འདེད་བཏང་བ་དང་།  ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ།  ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ།   ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང6གི་སྡེ་བ་དང་སྡོད་ཁུལ367གྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས། “ཆུ་དཔོན་ལམ་ལུགས”ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཆུ་ལམ20བཅོས་སྐྱོང་བྱས་ནས་རིང་ཚད་སྤྱི་ལེ120 ལ་སླེབས་ཡོད། རྒྱལ་དབང་ནགས་ར་དང་། གྲོང་གསེབ། དགོན་པ། ནགས་སྲུང་བ་བཅས་ཕྱོགས་བཞི་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ་མ་ལག་བཙུགས་ནས། སློབ་གྲྭ་དང་། སྨན་ཁང་།   ལྷས་ར།   སྤྱི་གླིང་།“གཙང་བོའི་འགོ་ཁུངས་ཀྱི་དྲིན་ཚོར་ནགས་ཚལ”བཅས་དང་དེ་བཞིན་དྲན་གསོའི་ནགས་ཚལ་སྣ་ཚོགས་སོགས་ས་ཁག62ཀྱི་ལྗང་བསྒྱུར་ལས་དོན་ ཡོངས་འགྲུབ་བྱས་ནས། ལྗང་བསྒྱུར་རྒྱ་ཁྱོན་སྤྱི་ཆིང་28.9ཟིན་ཡོད་པ་རེད། ད་ལྟ་ནུས་ཤུགས་ཡོད་རྒུས“རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་ རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མིང་བྱང་གཏོད་རྒྱུ”དེ་ཡུས་ཧྲུའུ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་ཟིན་ཞིག་ཏུ་གྱུར་ཡོད།

རི་བོ་སྔོ་ཞིང་ཆུ་མོ་དྭངས་ལ། མཁའ་དབུགས་ནམ་ཡང་གསར་བ་ཡིན། རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་ཡུས་ཧྲུའུ་ཡི་ངོས་ཐད་ནས་བརྗོད་ན་སྔར་བྱུང་མ་མྱོང་བའི་གོ་སྐབས་ཤིག་ཡིན་པ་དང་།  རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་དགོས་མཁོ་ཞིག་ཡིན་ལ། ཡུས་ཧྲུའུ་རང་ངོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་པ་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་ཡུས་ཧྲུའུ་ལ་མིག་མཐོང་ལག་ཟིན་གྱི“ལྗང་མདོག་བདེ་སྐྱིད”དང“སྐྱེ་ཁམས་ཁེ་སྤོགས” བསྐྲུན་ཡོད།

ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ཁུལ་དུ་ཡོད་པ་དང་། བསོད་དབང་བསྟན་འཛིན་གྱིས“རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པ”ཞེས་བྲིས་ཡོད་པའི་དཔུང་རྟགས་བཏགས་ཏེ།  རྩྭ་ཐང་ལ་སྐོར་གཡེང་བྱེད་ཞོར་དུ་གད་སྙིགས་འཐུ་བཞིན་ཡོད།

ས་དེའི་མི་རྣམས་ཀྱིས་སྔར་ནས་བཟུང་རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་བརྩི་མཐོང།    རང་བྱུང་ཁམས་ལ་བརྩི་འཇོག་བཅས་བྱེད་པའི་ལྷད་མེད་ཀྱི་རང་བྱུང་ལྟ་བ་དང་།“ སྐྱེ་ཁམས་སྲུང་སྐྱོབ་དང་སྲོག་ཆགས་ལ་གཅེས་སྐྱོང་བྱེད་པའི”འདུ་ཤེས་ལེགས་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་ནས་བཟུང་གནས་མདོ་སྡེ་བ་དེ་རྣམ་སྲས་ཡུལ་ཚོའི་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཚོད་ལྟའི་སྡེ་བར་བཀོད་པ་དང་། སྡེ་བ་དེས་ཁྱིམ་ཚང་དབུལ་པོ་སྐྱེ་ཁམས་ལྟ་སྲུང་པའི་དཔུང་ཁག་ནང་གསབ་སྣོན་བྱས་ནས་ཡོང་འབབ་ཇེ་མང་དུ་བཏང་བ་དང་ཆབས་ཅིག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡང་བྱས་པ་རེད།

ཁོར་ཡུག་ནི་དམངས་ཚིས་ཡིན་ལ། སྔོ་ལྗང་གི་རི་བོ་ནི་མཛེས་སྡུག་ཡིན་པ། སྔོ་བསང་གི་མཁའ་དབྱིངས་ནི་བདེ་སྐྱིད་ཡིན། ཡུས་ཧྲུའུ་མི་དམངས་ཀྱིས“ལྗང་མདོག་ལ་བརྟེན་ནས་དྲིན་གཟོ་དང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི”འདུ་ཤེས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲིའི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ།  ནུས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།