སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།  བརྩེ་སེམས་ཟབ་མོས་རབ་མཛེས་མཚོ་སྔོན་གྱི་རྣམ་པ་སྲུང་སྐྱོབ་ལེགས་པོ་བྱེད།
2021.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་།  སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞི་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ཞིབ་འཇུག་བྱེད་པ།  རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ལེགས་པར་བཟོས།

སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མངོན་གསལ་སྒོས་སླར་གསོ་བྱུང་།

དབྱར་དུས་ཀྱི་མཚོ་སྔོན་པོའི་རླབས་ཕྲེང་ལང་ལོང་དུ་འཕྱོ་ཞིང་སྐྱེ་སྟོབས་ཀྱི་རྣམ་པས་ཡོངས་སུ་ཁེངས་ཡོད།  སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་མཚོ་སྔོན་པོར་འཚོ་སྡོད་བྱེད་པའི་བྱ་རིགས་ཀྱི་གྲངས་ཀའང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

རྒྱུན་དུ་མཚོ་སྔོན་པོར་ཡུལ་སྐོར་དུ་སྐྱོད་མཁན་ཟི་ལིང་གི་ཡུལ་སྐོར་བ་ཀྲང་ཧྥ་མེ་ཡིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་ཆུ་རྒྱས་ཚད་མཐོ་རུ་ཕྱིན་ནས་བྱ་གླིང་དུ་སྐྱོད་པའི་ལམ་ངོས་ཁག་གཅིག་མཚོ་ཆུས་བསྣུབས་ཡོད་ལ། མཚོ་འགྲམ་གྱི་རྩྭ་སྐྱེས་ཚད་ཀྱང་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་ཕྱིན་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་རང་བྱུང་སྲུང་སྐྱོབ་ཁོའོ་ཡི་འགོ་གཙོ་སུང་ཅན་ཆིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་པོའི་སྐྱེ་ཁམས་ཇེ་བཟང་ནས་ཇེ་བཟང་ཡིན་ཞིང་། ཉེ་བའི་ལོ5ཡི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་སྟོང་གསུམ་ལྔ་བརྒྱ་ཇེ་མང་དུ་ཕྱིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད76%ཟིན་པ་དང་ཆབས་ཅིག སྲུང་སྐྱོབ་ཁུལ་གྱི་བྱེ་ཐང་དང་།  བ་ཚྭ་ཅན་བཅས་ཀྱི་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་སྔོན་པོའི་ཆུ་གསོག་ཚད་ཇེ་མང་དུ་ཕྱིན་པ་དང་།  སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་སླར་གསོ་ཇེ་མགྱོགས་སུ་ཕྱིན་པ།  སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

2007ལོ་ནས་བཟུང་མཚོ་སྔོན་པོའི་མཐའ་འཁོར་དུ་རིམ་རྩིས་བྱས་ན་ཕྱུགས་བཀག་རྩྭ་གསོ་སྤྱི་ཆིང་འབུམ་གཅིག་ཁྲི་བརྒྱད་སྟོང་གཉིས་དྲུག་བརྒྱ་དང་། དུས་ཚིགས་རང་བཞིན་གྱི་ཕྱུགས་བཀག་སྤྱི་ཆིང་འབུམ་དྲུག་ཁྲི་བདུན་སྟོང་གཉིས་ཆིག་བརྒྱ། ཞན་འགྱུར་རྩྭ་ས་སྤྱི་ཆིང་ས་ཡ་གཅིག་འབུམ་བརྒྱད་ཁྲི་གསུམ་སྟོང་བདུན་སུམ་བརྒྱ་བཅས་ལག་བསྟར་བྱས་ཤིང་།   སྐྱེ་ཁམས་ནགས་ཚལ་སྤྱི་ཆིང་ཁྲི་གསུམ་སྟོང་བཞི་བཞི་བརྒྱ་འཛུགས་སྐྲུན་བྱས་པ་དང་།  བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་གསུམ་སྟོང་དྲུག་ཉིས་བརྒྱ་དང་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ཆིང་སྟོང་གཉིས་ལྔ་བརྒྱ་བཅོས་སྐྱོང་བྱས་པ་རེད།  སྐྱེ་ཁམས་སླར་གསོའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་བྱེ་འགྱུར་ས་ཆ་དང་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་གྲངས་ཐིག11མཐོ་རུ་ཕྱིན་པ་དང་ལས་གཞི་ཁག་གཅིག་གི་བྱེ་འགོག་རྩྭ་འདེབས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་སྲོག་ཆགས་གཙོ་བོ་ཡིན་པའི་རི་དྭགས་དགོ་བ་དེ་དུས་རབས་སྔོན་མའི་ལོ་རབས80པའི་དུས་དཀྱིལ་དང་དུས་མཇུག་གི500ལྷག་ནས་ད་ལྟའི2500ལྷག་བར་ཇེ་མང་དུ་ཕྱིན་པ་དང་། ཁྲུང་ཁྲུང་སྐེ་ནག2007ལོའི30ལྷག་ནས་ད་ལྟའི140ལྷག་བར་ཇེ་མང་དུ་ཕྱིན་པ། མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི་ཉ་ཡི་ཐོན་ཁུངས་གསོག་ཚད་ཏུན་འབུམ་གཅིག་ལྷག་ཟིན་ཡོད་པ་རེད།

ནུར་ལྕེ་མཛེས་ལྗོངས་ཁུལ་གྱི་བཙོག་ཆུ་གཅིག་སྡུད་སྒོས་ཐག་གཅོད་བྱས།

མཚོ་སྔོན་པོར་ཡུལ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དེ་ཡུལ་སྐོར་དང་། བཟའ་བཏུང་། སྤྲོ་གསེང་། རོལ་རྩེད་བཅས་གཞི་གཅིག་ཅན་གྱི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་བ་ཇེ་མང་དུ་སོང་བ་དེས་འཚོ་བའི་བཙོག་ཆུ་ཐག་གཅོད་དང་གཙང་སེལ་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་པོའི་ནུར་ལྕེ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་འགན་ལེན་བྱས་ནས། མཚོ་སྔོན་པོའི་ཆུའི་སྤུས་ཚད་དེ་རིགས་གསུམ་པ་ཡན་དུ་སྲུང་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ནུར་ལྕེ་མཛེས་ལྗོངས་ཁུལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་རྒྱ་བསྐྱེད་སྒྱུར་བཀོད་དང་འཛུགས་སྐྲུན་བྱས་ཤིང་།  མིག་སྔར་མཚོ་སྔོན་པོའི་ནུར་ལྕེ་བཙོག་ཆུ་ཐག་གཅོད་བཟོ་གྲྭར་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ལས་གཞི་བསྐྲུན་བཞིན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ལས་བྱེད་མི་སྣ་ཝང་ཡ་ཀྲིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ནུར་ལྕེ་མཛེས་ལྗོངས་ཁུལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ལས་གཞིར་ཁྱོན་སྡོམ་མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་ལྔ་འབུམ་གསུམ་ཁྲི་བརྒྱད་བཏང་ཞིང་། འཛུགས་སྐྲུན་གཞི་ཁྱོན་གྱིས་ཉིན་རེར་བཙོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ3000ཐག་གཅོད་བྱེད་ཐུབ།  ལས་གཞི་བསྐྲུན་རྗེས་ནུར་ལྕེ་མཛེས་ལྗོངས་ཁུལ་གྱི་བཙོག་ཆུ་ཚང་མ་བསྡུ་རུབ་དང་གཙང་སེལ་བྱས་ནས་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་པ་རེད།

མཛེས་སྡུག་གི་གྲོང་ཁྱེར་དང་གྲོང་རྡལ་དང་མཐོ་སྒང་གི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས་མཚོ་སྔོན་པོའི་མཐའ་བསྐོར་ས་ཁོངས་སུ་རིམ་རྩིས་བྱས་ན་རིག་སྨོན་དང་། ཞིན་ཡོན།  གཡུ་དཀར་འོམ་ལུང་། ཧར་དགེ་བཅས་མཛེས་སྡུག་གི་གྲོང་རྡལ4དང་མཐོ་སྒང་གི་མཛེས་སྡུག་གི་གྲོང་གསེབ37འཛུགས་སྐྲུན་བྱས་པ་རེད། གཙོ་གནད་ཡུལ་ཚོ་དང་གྲོང་རྡལ་དུ་བཙོག་ཆུ་གཙང་སེལ་ས་ཚིགས་ཆུང་གྲས་3དང་། བཙོག་ཆུ་གཙང་སེལ་བཟོ་གྲྭ1། གད་སྙིགས་གཙང་སེལ་བྱེད་ས7བཅས་བསྐྲུན་ནས་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཞིང་མཐའ་འཁོར་གྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད།

རྩྭ་སའི་བྱ་དགའི་ཁ་གསབ་དང་། རྩྭ་སའི་ཨ་བྲའི་གནོད་འཚེ་འགོག་བཅོས།  ཞན་འགྱུར་རྩྭ་ས་བཅོས་སྐྱོང་། ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་དང་དེ་བཞིན་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སོགས་ཆ་ཚང་བཟོ་སྐྲུན་ལག་བསྟར་བྱས་ཤིང་།  སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག  ཞིང་ཕྱུགས་ཐོན་སྐྱེད་ལྗང་མདོག་ཅན་དུ་བསྒྱུར་བར་ཁྲིད་སྟོན་བྱས་ནས་རོང་འབྲོག་པའི་འཚོ་བའི་ཆུ་ཚད་དུས་མཉམ་དུ་མཐོ་རུ་བཏང་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནོན་ཤུགས་ལོ་རེ་བཞིན་ཇེ་ཆུང་དུ་སོང་ཡོད།

མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལེགས་པར་བསྐྲུན་དགོས།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ལོ་གསུམ་བྱ་སྤྱོད་ཇུས་གཞི་ལག་བསྟར་བྱས་ནས2022ལོར་སླེབས་སྐབས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྩིས་ཡོད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་གཅེས་སྤྲས་ལྡབ་འགྱུར་དང་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་འགོ་གཙོ་གཞོན་པ་དབྱང་ཆིན་ཡོན་གྱིས་བཤད་རྒྱུར། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་དུས་སྐབས་སྔོན་མའི་འཛུགས་སྐྲུན་ལས་དོན་སྣ་ཚོགས་ཇེ་མགྱོགས་སུ་བཏང་སྟེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་དཔེ་སྟོན་ཁུལ་དྲུག་འཛུགས་སྐྲུན་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་མཁའ་དབྱིངས་སྔར་ལས་སྔོ་ཞིང་དྭངས་བ་དང་ཆུ་མོ་དེ་བས་དྭངས་གཙང་ཡོང་བར་བྱ་དགོས།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའུ་ཡི་འགོ་གཙོ་ཁྲིན་ཏི་ཧུའེ་ཡིས་བཤད་རྒྱུར། མཚོ་སྔོན་པོར་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་འགག་རྩའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་ནས་ཆེད་དུ་མཚོ་སྔོན་པོའི་ཁེ་རམས་ཐང་ལ་གཟིགས་ཞིབ་གནང་བས་ཚང་མར་ལྕག་སྐུལ་ཆེན་པོ་ཐེབས་པ་དང་། ཁོ་ཚོས“རྒྱལ་ཁབ་ཀྱི་དོན་ཆེན” སེམས་ལ་བརྟན་པོར་བཅངས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་རྣམ་འགྱུར་དང་ཏན་ཏིག་གིས་བྱ་བ་སྒྲུབ་པའི་སྤྱོད་ཚུལ་བཟུང་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱེད་པ། འདྲ་བཤུས་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུ་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་མཚོ་སྔོན་པོར་ཕེབས་པ་དེས་ང་ཚོས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་ཇེ་བརྟན་དུ་ཕྱིན་སོང”། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་འགོ་གཙོ་ཧི་ཡུས་པང་གིས་བཤད་རྒྱུར། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་དང་། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན། སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན། རང་བྱུང་ཐོན་ཁུངས་ཀྱི་རང་སྤུས་སོགས་ཕྱོགས་མང་པོའི་ཐད་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱེད་པའི་ནུས་པ་ལྡན་ཡོད།

ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་བོའི(མཚོ་སྔོན་ཡུག་ཁུལ)རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་དཔྱད་ཞིབ་གདེང་འཇོག་བྱས་ནས་བདེ་བླག་ངང་རྩིས་ལེན་ བྱས་ཤིང་།  ད་ལོར་དངོས་སུ་སྤྱི་གླིང་བསྐྲུན་རྒྱུ་ཡིན་པ་རེད། ཟླ་ལྔ་པའི་ཟླ་འགོར། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཀྱང་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་ཅན་གྱིས་དབང་གྲགས་ལྡན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།