རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་དམ་པོར་བཅངས་ནས་སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས།
2021.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 2021ལོའི་ཟླ3ཚེས7ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་འགན་འཁྲི་གལ་ཆེན་འཁུར་ཡོད་པས་ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཁུར་ནས། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས་ཞེས་ནན་བཤད་གནང་བ་རེད། ཟླ་6ཚེས7ནས་ཚེས9ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་ཞིང་།  དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དོ་དམ་སྒྲིག་སྲོལ་མཐུན་སྦྱོར་བྱེད་པ། འཁོར་སྐྱོད་རྐྱེན་སྲོལ་གསར་གཏོད་བྱེད་པ། ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ནས། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱེད་དགོས། གངས་རི་དང་འཁྱག་རོམ། གཙང་པོའི་འབབ་རྒྱུད། མཚེའུ་དང་བརླན་ས། རྩྭ་ཐང་། བྱེ་ཐང་སོགས་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་བྱས་ནས།  མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཆུ་ཁུངས་གསོ་སྐྱོང་བྱེད་ནུས་བརྟན་པོའི་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་མཐོ་བའི་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

ལོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་མིང་ཐོག་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་གར་སྟེགས་སྟེང་བསྐྱོད་དེ།  དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཡུལ་ལྗོངས་ཤིག་གཏོད་བཞིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་འགོ་བརྩམས་པ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པ། རི་དྭགས་གཙོད་ཀྱི་གྲངས་ཀ་སླར་གསོ་བྱུང་བ། རྒྱལ་ཡོངས་སུ་སྔོན་ལ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་བཙུགས་པ་སོགས་མིག་སྔར་འཕེལ་རྒྱས་འགྲོ་བཞིན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་དེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད། ད་ལྟའི་མཚོ་སྔོན་འདི་ཉིད་མིང་དོན་མཚུངས་པའི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཏུ་གྱུར་ནས་སྔ་ན་མེད་པའི་ཆོད་སེམས་དང་ནུས་ཤུགས་ལ་བརྟེན་ནས།  རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་དམ་པོར་བཅངས་སྟེ།  ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱེད་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།

སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་འབུམ་གཅིག་ཁྲི་བརྒྱད་ལྷག་ཟིན་ནས་ལོ་རེར་སྨད་རྒྱུད་ལ་ཆུ་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར600ལྷག་འདྲེན་བཞིན་ཡོད་པ་དང་། སྐྱེ་ཁམས་ཞབས་ཞུའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར7300ཟིན་ཡོད། གནམ་གཤིས་སྙོམས་སྒྲིག་དང་དངོས་རིགས་སོར་འཇོག་སོགས་བྱེད་ནུས་རང་བཞིན་གྱི་རིན་ཐང་ལ་ཚོད་དཔག་བྱེད་ཐབས་བྲལ་ཞིང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་སྒང་གི་བརླན་ས་དང་རྩྭ་ཐང་།  ནགས་ཚལ་སོགས་ཀྱི་སྐྱེ་ཁམས་མ་ལག་སླར་གསོ་བྱུང་བ་དང་། དེའི་ནང་ཆུ་ངོས་དང་། བརླན་ས། རྩྭ་ཐང་། ནགས་ཚལ་བཅས་ལ་ཁེབས་པའི་སྔོ་ལྗང་བར་སྟོང་གིས70%ལྷག་བཟུང་ཡོད།

རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་འཁེལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ།  སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།  ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་བཅས་ཀྱི་ལས་འགན་གལ་ཆེན་ཏན་ཏིག་གིས་འཁུར་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཀྱི་བྱ་སྤྱོད་ཏན་ཏིག་ངང་སྤེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་ས་ཁོངས་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་བྱེད་པའི་དུས་དཀྱིལ་དཔྱད་དཔོག་མཇུག་འབྲས་ལས་མངོན་པ་ལྟར་ན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ།  རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱས་ཏེ།   སྔོ་ལྗང་གི་རི་ཆུ་ཀླུང་གསུམ་དེ་ཀུན་ཕན་གྱི་་དམངས་ཚིས་བདེ་སྐྱིད་ཅིག་ཏུ་འགྱུར་བར་བྱས་ནས། མི་རྣམས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཡོད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པ་དེ་ཆ་སྙོམས་ཀྱིས་ཉིན་གྲངས305ནས་ཉིན་གྲངས354བར་ཇེ་མང་དུ་ཕྱིན་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་རྒྱུན་འཁྱོངས་ཐུབ་པ་དང་ཙོང་ཆུའི་ཆུའི་སྤུས་ཚད་ཚད་གཞིར་ལོན་ཚད100%དང་། རིགས་གསུམ་པའི་ཆུའི་སྤུས་ཚད་ཀྱིས50%ལྷག་ཙམ་བཟུང་བ་དང་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་འཇགས་སུ་སོང་ཡོད།

རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་ལ་སྔར་བས་བཀྲག་མདངས་འཚེར་བར་བྱས།

ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ས་གཞིའི་སྟེང་སྐྱོད་སྐབས་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས་མཐོང་ཞིང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ། ཞིང་ཆེན་དང་པུའུ་ཡིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ལ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་རབ་དང་རིམ་པ་གཏོད་ངེས་རེད།

འདས་ཟིན་པར་ཕྱིར་དྲན་བྱས་ཏེ་ཧུར་བརྩོན་ཆེན་པོས་མདུན་སྐྱོད་བྱས། 2019ལོར་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་འགོ་ཚུགས་པ་དང་ལོ་དེར་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྒྲུབ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཡོང་བ་དང་། 2020ལོར་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ནས་རྒྱལ་ཁབ་སྤྱི་གླིང་གི་མཛེས་སྡུག་རྣམ་པར་བཀྲ་བའི་མཚོ་སྔོན་གྱི་སྣང་བརྙན་གསར་པ་མངོན་པར་བྱས།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མཚོ་སྔོན་ལ་རྨང་གཞི་ཡོད་ཅིང་སྟོབས་ཤུགས་ཀྱང་ཡོད། 2016ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དང་པོ་ཡིན་པའི་ངོས་ནས་མཚོ་སྔོན་དུ་ལག་བསྟར་བྱེད་འགོ་བརྩམས་ཤིང་། 2017ལོར་མཚོ་སྔོན་འདི་ཉིད་མདོ་ལ་རིང་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་གྱི་གྲས་སུ་ཚུད་ནས།  མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་དང་པོར་གྱུར་ཡོད།

ད་ལྟའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བདེ་བླག་ངང་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་ཏེ།  སྤྱི་གླིང་འཛུགས་སྐྲུན་གྱི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁག31ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་པ་མ་ཟད། རྒྱལ་ཁབ་སྤྱི་གླིང་ཆེན་པོ9འཛུགས་སྐྲུན་གྱི་འདུ་ཤེས་བཙུགས་ནས་དོ་དམ་མ་ལག15རིམ་བཞིན་ཆགས་ཏེ།  སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་སྐྱོན་ཆ་ནུས་ཡོད་སྒོས་ཐག་བཅད།  ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་ཉམས་ཡང་བསྐྱར་མངོན་ཡོད།

མདོ་ལ་རི་བོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་། འཁྱགས་རོམ་དང་། རྩྭ་ཐང་། ནགས་ཚལ་སོགས་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་ཤིག་ཡིན་པས་རི་སྐྱེས་སྲོག་ཆགས་ལ་འཚོ་སྡོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།  སྔོན་ཆད་གནས་དེ་ནས་རི་དྭགས་གསའ་དང་བྱེ་ཐང་བྱི་ལ་སོགས་ཀྱི་པར་རྩ་ཆེན་མང་པོ་བླངས་ཡོད། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། སྒྲིག་གཞི་ཆ་ཚང་ཞིག་བཙུགས་པ་དང་ཕྱོགས་བསྡུས་ཁྲིམས་འཛིན་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་རྐྱེན་སྲོལ་གཉིས་བཙུགས་པར་མ་ཟད། འཆར་འགོད་མ་ལག་དང་། སྲུང་སྐྱོབ་དོ་དམ་མ་ལག སྤྱི་ཚོགས་ཟབ་ཞུགས་མ་ལག རང་བྱུང་སློབ་གསོའི་མ་ལག་སོགས་འདེགས་སྐྱོར་མ་ལག་ཆེན་པོ་དགུ་བསྐྲུན་པའི་བྱ་བའི་རྣམ་པ་རིམ་བཞིན་གྲུབ་ཡོད།

ད་ལྟའི་མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ།  རང་བྱུང་སྤྱི་གླིང་གིས་ཁ་གསབ་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་ཞིག་རིམ་བཞིན་ཆགས་ཡོད་ལ། དེའི་ནང་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི52.2%བཟུང་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རྒྱལ་ཁབ་སྤྱི་གླིང་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཞུའེ་ཡོན་གྱིས་བཤད་རྒྱུར། རྗེས་ཕྱོགས་རང་བྱུང་སྲུང་སྐྱོབ་ཁུལ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་གསར་གཏོད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་དངུལ་འགན་སྲུང་རྐྱེན་སྲོལ་འཛུགས་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་དོ་དམ་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་འཚོལ་ཞིབ་སོགས་ཀྱི་ཐད་རང་འགུལ་ངང་ལས་དོན་སྒྲུབ་པ་དང་།  མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཇུས་འགོད་ལེགས་པོ་བྱས་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་བ་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་དམངས་ཕན་གྱི་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་ཕྱིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་རྟ་མགྲིན་རྡོ་རྗེ་ཡིས་སྐོར་གཡེང་གི་ལས་འགན་ཕྲག་ཏུ་བླངས་ནས་ཉིན་རེར་རྩྭ་ཐང་གི་རི་ཆུ་རྩི་ཤིང་སོགས་སྐྱེ་དངོས་ཡོད་ཚད་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། རྟ་མགྲིན་རྡོ་རྗེ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་མི་ཡིན་ཞིང་རང་ཉིད་ཀྱི་སྐོར་གཡེང་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་རྒྱུས་མངའ་ཆེན་པོ་ཡོད། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་རྟ་མགྲིན་རྡོ་རྗེ་ལ་ཟླ་རེར་གཏན་འཇགས་ཀྱི་གླ་ཕོགས་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲོད་ནས་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་ཕྱིན་པ་དང་འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་དུ་སོང་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བརྒྱུད་རིམ་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཐད་གཉིས་ཕན་གྱི་ལམ་བུ་འཚོལ་ཞིབ་ལེགས་པོ་བྱས་ནས།   ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་གི་རྐྱེན་སྲོལ་བཙུགས་པས། འབྲོག་པ་མང་ཚོགས་ཁྲི་ གཅིག་སྟོང་བདུན་ལྷག་སྐྱེ་ཁམས་ལྟ་སྲུང་གི་ལས་རྐང་དུ་ཞུགས་པ་དང་། ལས་ཞུགས་ལས་རྐང་ཇེ་མང་དུ་བཏང་བ་ལས་ཡོང་འབབ་འཕར་སྣོན་བྱུང་ཡོད། རྒྱ་ཆེའི་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་གི་ལྟ་སྲུང་བར་གྱུར་པ་མ་ཟད། ད་དུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་ཐོབ་མཁན་དུའང་གྱུར་ཡོད།

སྐྱེ་ཁམས་ནི་ང་ཚོའི་རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་ཡིན། རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་མཚོ་སྔོན་གྱི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱ་རྒྱུ་དེ་ནི་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་ཡིན་པ་རེད། སྐྱེ་ཁམས་ཀྱི་རིན་ཐང་དང་འགན་འཁྲི།  སྦས་ཤུགས་བཅས་མངོན་འགྱུར་བྱས་ཚེ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དེ་གསེར་རི་དངུལ་རིར་འགྱུར་ཐུབ་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དམངས་ཚིས་ལ་ཕན་ཁེ་བསྐྲུན་ཐུབ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཅང་ཤེས་ཁུག་གྲོང་རྡལ་རྨོག་རུ་སྡེ་བའི་སྡེ་མི་གུ་རུ་ནི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ནས་ཐད་ཀར་ཕན་ཁེ་ཐོབ་མཁན་ཞིག་ཡིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འཆར་འགོད་ཁུལ་དུ་གནས་ཡོད་པར་བརྟེན་ཁོ་ཚང་གི་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།  གུ་རུ་དང་འདྲ་བར། ད་ལྟ་མཚོ་སྔོན་པོའི་མཚོ་འགྲམ་དུ་འབྲོག་པ་མང་པོ་ཞིག་གིས་སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་གྱི་ཚོང་རྒྱག་པ་དང་། རོང་འབྲོག་པའི་སྤྲོ་སྐྱིད་ཁང་དང་། ཁྱད་ལྡན་དྲན་རྟེན་དངོས་རྫས་དང་ས་གནས་ཀྱི་ཁྱད་ལྡན་ཟས་རིགས་བཅས་ཀྱི་ཚོང་གཉེར་བཞིན་ཡོད།  མཛེས་སྡུག་གི་སྐྱེ་ཁམས་ཀྱིས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་པ་དང་། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྐྱེ་ཁམས་ཡུལ་སྐོར་དེ་མཚོ་སྔོན་པོའི་མཐའ་འཁོར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་བྱེད་ཐབས་གཙོ་བོར་གྱུར་ནས་སྐྱེ་ཁམས་མཛེས་པ་དང་།  འཚོ་བ་མཛེས་པ། མི་དམངས་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱུང་ཡོད།

མིག་སྔར་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད། བོད་ལུག་དང་། ནོར་ནག  ནས།  འཕང་འབྲས་སོགས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ།  འདེབས་འཛུགས་དང་གསོ་སྤེལ་མཉམ་ལས་ཁང་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་བྱུང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཀྱི་སྦྲེལ་ཐག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ནས།   མཚོ་སྔོན་ཞིང་ཆེན་ལ་ལྗང་མདོག་ཟས་རིགས་དང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་བཅས་ཀྱི་དཔང་རྟགས་ཐོབ་པའི་ཐོན་རྫས600ལས་བརྒལ་ཞིང་། སྐྱེ་ཁམས་ཁོར་ཡུག་བཟང་པོས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ལ་འཕེལ་རྒྱས་ཀྱི་བར་སྟོང་ལེགས་པོ་བསྐྲུན་ཡོད།   ལྗང་མདོག་དང་སྐྱེ་ལྡན་གྱི་ཚོང་རྟགས་སྦྱར་ཡོད་པའི་ཞིང་ཕྱུགས་ཐོན་རྫས་ཁག་གཅིག་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་ཁྱབ་ནས“མཚོ་སྔོན་རྟགས་ཅན”གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མུ་མཐུད་དུ་ཇེ་མཐོར་ཕྱིན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་ཕྱིན་ནས་སྐྱེ་ཁམས་དམངས་ཕན་གྱི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ་རེད།

ལོ་མང་པོར་སྐྱེ་ཁམས་སྲུང་སྐྱོབ་ཐད་འཚོལ་ཞིབ་དང་ལག་ལེན་བྱས་ནས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི་འཕེལ་རྒྱས་ཀྱི་ཐབས་ལམ་སྔར་བས་ཇེ་བརྟན་དུ་བཏང་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ་བཅས་བྱས་ཏེ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་བྱེད་ས་བཏོད་དེ་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རབ་མཛེས་མཚོ་སྔོན་གྱི་རྣམ་པ་ལེགས་པོ་བསྐྲུན་རྒྱུ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།