ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་པ།
2021.07.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད།

“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཡོད་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱི་ཡོངས་བྱ་བའི་ཁྲོད་ཀྱི་གོ་གནས་འབུར་ཐོན་དུ་བཞག་ཡོད་པ་དང་། “སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་སྐྲུན་པའི”ལྟ་བ་བཏོན་པ་ནས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་ལེན་དུ་བསྟར་བར། ང་ཚོས་མཐོང་བ་ནི་ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པའི་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཡོངས་ལ་སྤྱི་འདོམས་བྱེད་པའི་འཐབ་ཇུས་ངེས་ཤུགས་ཡིན་ལ། མཚོ་སྔོན་གྱི་རིགས་སོ་སོའི་བུ་བུ་མོ་ས་ཡ་དྲུག་ལྷག་གིས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་གཟོ་བའི་བྱེ་བྲག་གི་འགུལ་སྐྱོད་རེད།

སྐྱེ་ཁམས་སྔོན་ལ་བཞག་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་ཁྱོན་ཡོངས་ནས་གཅིག་ཏུ་འགྲིལ་བ།

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་། མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་ལ་འགན་འཁྲི་ལྕི་མོ་ཁུར་ཡོད་སྟབས། ངེས་པར་སྐྱེ་ཁམས་བདེ་འཇགས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་ལྕི་མོ་འཁུར་དགོས་ལ། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས། ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་སུ་འབད་བརྩོན་གང་མང་བྱས་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་བཞག་ཡོད་པ་དེས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་རང་རྟོགས་མངོན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་སྡུག་ཡང་བསྐྱར་མངོན་ཡོད་པ་དང་། རྨ་འབྲི་རྫ་གསུམ་ཞིང་ཆེན་ལས་བརྒལ་བའི་ཆུ་སྤུས་ཀྱི་བརྟན་འཇགས་རིགསⅡཡན་ལ་སླེབས་ཤིང་། མཁའ་དབུགས་སྤུས་ཀ་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95%ལས་བརྒལ།

“མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་ཞབས་ཞུའི་རིན་ཐང་དང་སྐྱེ་ཁམས་མ་རྩའི་དཔྱད་དཔོག”ལས་གཞིའི་གྲུབ་འབྲས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་རྩའི་སྤྱིའི་རིན་ཐང་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལྷག་ལ་སླེབས་ཤིང་། དེའི་ཁྲོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་རྩའི་རིན་ཐང་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་ལ་སླེབས་པ་དེས68.9%ཟིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྔ་གཞུག་ཏུ་མགོ་བརྩམས་པ་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྐྲུན་པའི་སྒོ་མོ་ཕྱེ་རག་བར། མཚོ་སྔོན་རང་འགུལ་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ལ། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་ཐོག་མ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་དང་། འཛམ་གླིང་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་སྡུག་གི་སང་ཉིན་བསྐྲུན་པར“མཚོ་སྔོན་གྱི་བྱས་རྗེས”བཞག

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས། ལྗང་མདོག་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

ལྗང་མདོག་འཕེལ་རྒྱས་ནི་འཛམ་གླིང་གི་རླབས་རྒྱུན་ཡིན་ལ། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པར་ངེས་པར་བརྒྱུད་དགོས་པའི་ལམ་ཡང་ཡིན།

རྒྱལ་ཡོངས་སུ་ཐོག་མར《རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགའ》ཞེས་པ་ཐོག་མར་གཏན་འབེབས་བྱས་པ་དང་བསྟུན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིGDPདཔྱད་དཔོག་མེད་པར་བཟོས་པ་དང་། སྐྱེ་ཁམས་ཁ་གསབ་སྲིད་ཇུས་བཅུ་གཅིག་གཏན་འཁེལ་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནང་རྐྱེན་ཚོད་ལྟར་བརྟན་བརླིང་ངང་སྐུལ་འདེད་བཏང་སྟེ། ས་བབ་དང་མཐུན་པའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་འཚོལ་ཞིབ་བྱ་རྒྱུ་དེའང་འཕེལ་རྒྱས་ཀྱི“རྒྱུགས་གཞིའི”ཁྲོད་དུ་མངོན་པ་དང་། མཚོ་སྔོན་གྱིས་ཧུར་ཐག་སྒོས་ལས་ཀ་བསྒྲུབས།

རྒྱལ་ཁབ་སྤྱི་གླིང་དང་། ནུས་ཁུངས་གཙང་མ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐོ་སྒང་གི་མཛེས་པའི་གྲོང་ཚོ་བཅས“དཔེ་སྟོན་ཞིང་ཆེན་ལྔ”མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཤིང་། དེའི་ཁྲོད། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་སྐྲུན་པའི་ཁྲོད། སྤུས་ལེགས་ནུས་ཁུངས་ཀྱི་གྲུབ་ཚུལ་ཧུར་ཐག་སྒོས་སྙོམས་སྒྲིག་བྱས་ཤིང་། ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་ཆས་ཀྱིས་སྤྱིའི་སྒྲིག་སྦྱོར་འཕྲུལ་ཆས་ཤོང་ཚད་ཀྱི87%ཟིན་ཡོད་ལ། 2020ལོའི་ཟླ12པའི་ཟླ་མགོའི་བར། རང་ཞིང་གི་ནུས་ཁུངས་གཙང་མའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུརཐེར་ཆེན་བདུན་དང་ཐེར་འབུམ་དགུ་ལ་སླེབས་པའི་སྐབས་སུ། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་བསྡུར་ཚད་ཆེས་མཐོ་ལ། གཅིག་སྡུད་རྣམ་པའི་འོད་ཧྥུ་གློག་འདོན་ཚད་ཆེས་ཆེ་བའི་ཞིང་ཆེན་དུ་གྱུར།

རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད། མཚོ་སྔོན་གྱིས་གཙང་ཚད་མཐོ་བ། ཐེག་ནུས་མཐོ་བ། སྤུས་ཚད་མཐོ་བ་བཅས“མཐོ་བ་གསུམ”གྱི་རྣམ་པ་གསར་པའི་ལྗང་མདོག་རྩིས་ཤུགས་ཐོན་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་འཕེལ་རྒྱས་ཀྱི་གོམ་པ་བརྟན་པོར་སྤོས།

ཁོར་ཡུག་སྤུས་ཀ་ལེགས་བསྒྱུར་བྱས་ཏེ། མི་ཚང་མར་ལྗང་མདོག་གི་བདེ་སྐྱིད་མཉམ་རོལ་བྱེད་དུ་བཅུག་པ།

མཚོ་སྔོན་ནི་མཚོ་འཕང་མཐོ་བ་དང་། མཁའ་དབུགས་གྲང་བ་སོགས་རང་བྱུང་ཆ་རྐྱེན་ཀྱི་དབང་གིས་འདྲ་བཤུ་དང་སླར་གསོ་བྱེད་ཐབས་བྲལ་བའི་སྔོ་ཁེབས་རབ་དང་རིམ་པ་ཞིག་སྦྲུམ་ཡོད་ལ། དེར་མ་ཟད་རི་སྐྱེས་སྲོག་ཆགས་རྩ་ཆེན་གང་མང་ཞིག་ཀྱང་གསོ་སྐྱོང་བྱས་ཡོད་སྟབས། མཚོ་སྔོན་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཀ་ལེགས་པའི་འཚོ་བ་བསྐྲུན་དགོས།

ང་ཚོས་བརྙན་མིག“ལེ་བར་ཁྲི་ཡི་འབྲི་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ”རུ་འབོད་པའི་འབྲི་སྟོད་སྒ་སྐྱ་ལོའི་རྩྭ་ཐང་དུ་བསྐོར་ན། འབྲོག་པ་རྒྱལ་ལོ་ཚེ་རིང་གིས་ང་ནི་དམངས་དམག་ཡིན། དེ་བས་ཀྱང་ལས་ཀར་ཧུར་ཐག་འབད་ཐག་བྱེད་པའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་ཞེས་རང་ཉིད་ངོ་སྤྲོད་བྱས།

2017ལོར་རྒྱལ་ལོ་ཚེ་རིང་དམག་ཁོངས་ནས་བུད་རྗེས་དམངས་དམག་བྱས་ཤིང་། སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར། ཟླ་རེར་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་ལ། རྩྭ་ཐང་གི་རི་ཆུ་རེ་རེ་དང་། རི་སྐྱེས་སྲོག་ཆགས། དོན་དག་རེ་རེ་གང་ཡིན་རུང་ཁོ་ཚོར་དམ་དུ་འབྲེལ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྤྱི་གླིང་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེ་སྟོན་ཁུལ་དང་། གཙང་གསུམ་འབྱུང་ཡུལ་མཉམ་སྐྲུན་མཉམ་སྤྱོད་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ། མཚོ་བོད་མཐོ་སྒང་ནི་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་འགྲེམ་སྟོན་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་དུ་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མངགས་བཅོལ་ལྟར། མཚོ་སྔོན་བོད་འབྲེལ་ས་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དེ། སྐྱེ་ཁམས་ལེགས་ཤིང་དཔལ་འབྱོར་འཕེལ་བ། མང་ཚོགས་ཕྱུག་པའི་སྐྱེ་ཁམས་འབྱོར་འབྲིང་ལམ་དུ་ཧུར་ཐག་སྒོས་བསྐྱོད་པ་དང་། “དམངས་དམག”སྲིད་གཞུང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་ཁྲོད་བླངས་ཏེ། དམངས་དམག་ནི་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་གི་ཆ་ཤས་ཤིག་ཏུ་འགྱུར་བར་བྱས།

དེར་མ་ཟད། རྒྱལ་ཁབ་སྤྱི་གླིང་ཁུལ་དུ་གནས་པའི་དངོས་ཡོད་འབྲོག་ཁྱིམ་གྱི་གྲངས་ཀ་ལྟར། ཁྱོན་བསྡོམས་མི་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་སྐྱེ་ཁམས་བདག་སྐྱོང་པའི་སྤྱི་ཕན་ལས་གནས་ཏེ“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”ཁེབས་པ་མངོན་འགྱུར་བྱུང་། ད་དུང“སྡེ་དམངས་ཨུ་ལྷན་གཉིས”རྨང་གཞི་ཡིན་པའི་སྡེ་ཁུལ་ཐུན་མོང་འཛུགས་སྐྲུན་དང་། ཐུན་མོང་དོ་དམ། ཐུན་མོང་མཉམ་སྤྱོད་ལ་ཞུགས་པའི་ནང་རྐྱེན་ཧུར་ཐག་སྒོས་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཤིང་། ཕྱོགས་གཉིས་ཀྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་དང་སྲུང་སྐྱོབ་ཀྱི་སྟོབས་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་ཁོར་སྲུང་འདུ་ཤེས་སེམས་སུ་སྐྱེས་ཤིང་ལག་ཏུ་བསྟར་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།