གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱ་དགོས།
2021.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

 མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་དོ་ཁུར་ཆེན་པོ་གནང་ཞིང་། 2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་ཞིང་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་ངེས་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་དགོས་ཞེས་ནན་བཤད་གནང་བ་རེད། སྔོན་ལ་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་དང་། རང་བྱུང་སླར་གསོ་དང་མིའི་ཐབས་ཀྱིས་སླར་གསོ་བྱེད་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ལྟར་བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་གི་བྱེད་ནུས་གཙོ་བོར་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་དགོས། སྐྱེ་ཁམས་བཟོ་སྐྲུན་དང་ནུས་སྲི་སྙིགས་འཕྲི། ཁོར་ཡུག་ལེགས་བཅོས། མཛེས་སྡུག་གི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལག་བསྟར། མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན། བྱེ་མ་འགོག་བཅོས་དང་རྩྭ་ས་འཛུགས་སྐྲུན་ལ་ཤུགས་སྣོན།  ཕྱུགས་བསྐྱུར་རྩྭ་འདེབས་དང་རྨོ་བསྐྱུར་ནགས་སྐྲུན་རྩྭ་གསོ། བྱང་གསུམ་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་ལ་ཤུགས་སྣོན། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ནས།  གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱ་དགོས།

2021ལོའི་ཟླ6ཚེས7ཉིན་ནས་ཚེས9ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་ཞེས་ནན་བཤད་གནང་བ་རེད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་ཏན་ཏིག་གིས་སྲུང་སྐྱོབ་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས།  སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས།

ཉེ་བའི་ལོ་ཤས་རིང་ལ་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་དང་།  ཀྲུང་ཧྭའི་ཆུ་མཛོད་སྲ་བརྟན་དུ་བཏང་སྟེ།  གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱས།

སྐྱེ་ཁམས་མ་ལག་གི་གནས་བབ་ལེགས་བཅོས་བྱུང་།

རྨ་སྟོད་རྫོང་དུ་རྩྭ་ཐང་ཉམས་ཞན་དུ་འགྱུར་བ་ཚབས་ཆེ་བ་དང་།  རི་སྐྱེས་སྲོག་ཆགས་ཇེ་ཉུང་དུ་སོང་བ།  རྫོང་ཡོངས་ཀྱི་མཚེའུ་ཆེ་ཆུང4000ལྷག་གི་ཁྲོད་ནས་ཕྱེད་ཀ་ལྷག་སྐམ་པ་དང་མཚེའུ་ཁག་གཅིག་ཐ་ན་བྱེ་མས་བསྣན་ཡོད་པ་མཐོང་ཐུབ།

2005ལོ་ནས་འགོ་བརྩམས་ཏེ། རང་རྒྱལ་གྱིས《མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》དངོས་སུ་འགྲེམ་སྤེལ་དང་ལག་བསྟར་བྱས་པ་དང་། སྔ་རྗེས་སུ་སྐྱེ་ཁམས་བཅོས་སྐྱོང་དང་སྐྱེ་ཁམས་ཁ་གསབ། རྩྭ་ས་སླར་གསོ་སོགས་གཙོ་གནད་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཤིང་། མི་རྣམས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རི་ཆུ་ཀླུང་གསུམ་དང་མཚེའུ་རྩྭ་ཐང་བཅས་དང་དེ་བཞིན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོར་སྲུང་སྐྱོང་བྱས་པ་རེད།

གསོ་སྐྱོང་བྱས་པ་བརྒྱུད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། ནགས་དང་རྩྭ་སའི་སྔོ་ཁེབས་ཀྱི་ཚད་མགྱོགས་མྱུར་ངང་ཇེ་མཐོར་ཕྱིན་པ། མཚེའུའི་ཆུ་ཁོངས་དང་བརླན་སའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།  ལྟག་ཆུ་བསྐྱིལ་གསོག་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་80ཙམ་ཇེ་མང་དུ་ཕྱིན་པ་དང་། དུས་རབས20པའི་དུས་མཇུག་ཏུ་སྔ་རྗེས་སུ་རྨ་ཆུའི་འགོ་ཁུངས་ཀྱི་མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་པ་རེད།

གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འདས་ཟིན་པའི་ལོ15ཡི་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར200ལྷག་ཙམ་བཏང་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྷག་ཆུ་བསྐྱིལ་གསོག་གི་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བཞི་བརྒྱ་ལྷག་ཏུ་འཕར་སྣོན་བྱུང་ནས། ལོ་རེའི་ཆ་སྙོམས་འཕར་ཚད6%ལས་བརྒལ་ཞིང་།  རྩྭ་སའི་ཆ་སྙོམས་ཀྱི་ཁེབས་ཚད་དང་རྩྭའི་ཐོན་ཚད་དེ་སོ་སོར་ལོ་བཅུའི་སྔོན་ལས11%དང30%ཡན་དུ་ ཇེ་མཐོར་སོང་བ་དང་། ས་གནས་མང་ཚོགས་ཀྱི་ཡོང་འབབ་ལོ་རེའི་ཆ་སྙོམས་འཕར་ཚད་10%ལས་བརྒལ་ཏེ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད།

རྒྱལ་ཁོངས་ལྗང་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་མདོ་སྤྱི་གླིང་དུ་བསྐྱོད་པ་ན་ཚང་ཚིང་གི་ནགས་ཚལ་སྟུག་པོ་དེ་མིག་ལམ་དུ་མངོན་ཡོང་། ཉིན་གུང་གི་སྐབས་སུ་སྐྱེ་ཁམས་ལྟ་སྲུང་པ་དབང་དགའ་ལས་རོགས་ཚོ་དང་མཉམ་དུ་ངལ་གསོ་བྱེད་བཞིན་ཡོད།

ད་ལོ་ལོ50ལ་སླེབས་པའི་དབང་དགའ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་མི་ཡིན་ལ། སྐྱེ་དགུ་མདོ་སྤྱི་གླིང་དུ་བྱ་བ་སྒྲུབ་ནས་ལོ་བདུན་བརྒྱད་ཙམ་འགོར་ཡོད། ཁོས་ཉིན་ལྟར་ཞོགས་པའི་དུས་ཚོད་བརྒྱད་ནས་སྤྱི་གླིང་དུ་བྱ་བ་སྒྲུབ་པར་འགྲོ་བཞིན་ཡོད།

དབང་དགའ་ཡིས་ལོ་འདི་དག་རིང་གི་ཡུས་ཧྲུའུ་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་བདེན་དཔང་བྱས་པ་དང་།  རི་ལྡེབས་ཀྱི་ལྗང་མདོག་ལ་ལྟ་བཞིན་དུ་ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་མཇུག་འགྲིལ་རྗེས་ལོ་རེར་སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་སྤེལ་བ་དང་།  ལོ་འགའ་འགོར་རྗེས་ང་ཚོའི་ཡུས་ཧྲུའུ་གསར་བའི་གང་སར་ལྗང་མདོག་གི་རྣམ་པ་མཐོང་ཐུབ་ལ། རི་ལྡེབས་དང་གཙང་འགྲམ།  སྤྱི་གླིང་།  ལམ་འགྲམ་སོགས་སུ་སྡོང་བོ་བཙུགས་ཡོད་ཅེས་དེ་ལྟར་བཤད་བྱུང་།

ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་ཁྱོན་ཡོངས་ནས་མཇུག་འགྲིལ་བ་དང་ལྷག་པར་དུ2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས“དེ་བས་མཛེས་པ་གཉིས”ཀྱི་འཕེལ་རྒྱས་བླང་བྱ་བཏོན་ཡོད།  ཡུས་ཧྲུའུ་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དྲིན་ཚོར་འབད་འཐབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས།  རྒྱལ་ཁོངས་ལྗང་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་།

ལོ་མང་པོའི་རིང་ལ། མཚོ་སྔོན་གྱིས་རྒྱལ་ཁོངས་ལྗང་བསྒྱུར་བྱ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་གནད་དུ་བཟུང་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་།

2017ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་པའི་ཚུན་ལ། ནགས་སྐྲུན་མུའུ་བྱེ་བ་གཅིག་ས་ཡ་གཉིས་འབུམ་བཞི་ཁྲི་གཉིས་ཡོངས་འགྲུབ་བྱས་པ་དང་། ལོ་འཁོར་གྱི་རྒྱལ་ཁོངས་ལྗང་བསྒྱུར་གཞི་ཁྱོན་དེ་ལོ་སྔོན་མ་དག་གི་ཆ་སྙོམས་ལས་འགན་གྱི་ལྡབ2.5ཟིན་ལ། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད7.26%ཟིན་ནས། བརྒྱ་ཆའི་གྲངས་ཐིག་གཅིག་ཙམ་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གྱུར་བ་དང་། སྐྱེ་ཁམས་བྱེད་ནུས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ།  སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བ།  སྐྱེ་ཁམས་དམངས་ཕན་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་སོང་ཡོད།

ད་ལོའི་ཟླ4པར་མཚོ་སྔོན་གྱི2020ལོའི་རྒྱལ་ཁོངས་ལྗང་བསྒྱུར་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར་མཚོ་སྔོན་གྱིས་རྒྱལ་ཁོངས་ལྗང་བསྒྱུར་སྤྱི་ཆིང་འབུམ་གཞི་ཁྲི་དྲུག་ཡོངས་འགྲུབ་བྱས་པ་དང་གཞི་ཁྱོན་ནི་མཚོ་སྔོན་པོ་གཅིག་གི་གཞི་ཁྱོན་དང་ཀུན་ནས་མཚུངས།

རྒྱལ་ཁོངས་ལྗང་བསྒྱུར་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ།  རྨ་ཆུའི་འབབ་རྒྱུད་ཀྱི་ནགས་དང་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ནས།  བྱང་གསུམ་འགོག་སྲུང་ནགས་ཚལ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ།  བྱེ་འགོག་བྱེ་བཅོས། ཞན་འགྱུར་རྩྭ་ས་བཅོས་སྐྱོང་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ལས་གཞི་དག་སྤུས་ཚད་མཐོན་པོས་ལག་བསྟར་བྱས་པ་དང་། གྲོང་ཁྱེར་གྱི་མཐའ་འཁོར་དང་།  སྡེ་བ། འགྲིམ་འགྲུལ་ལམ་རྒྱུད། ཆུ་ལམ་ངོགས་གཉིས་བཅས་ཀྱི་ཚད་གཞི་མཐོ་བའི་ལྗང་བསྒྱུར་ལས་དོན་ཤུགས་ཆེན་པོས་སྤེལ་ཞིང་། ས་བབ་མཐོ་ཞིང་གནམ་གཤིས་འཁྱགས་པ། སྐམ་ཤས་ཆེ་བ་སོགས་ཆ་རྐྱེན་ཞན་པའི་ས་ཁུལ་དུ་ནགས་སྐྲུན་རྩྭ་འདེབས་ལས་གཞི་སྤེལ་བར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱས།

2020ལོར་མཚོ་སྔོན་གྱིས་ལོ་ཧྲིལ་པོར་རྒྱལ་ཁོངས་ལྗང་བསྒྱུར་མུའུ་ས་ཡ་དྲུག་འབུམ་དགུ་ཡོངས་འགྲུབ་བྱས་ནས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས་ཏེ། ཞིང་ཆེན་རིམ་པའི ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་བདུན་དང་ནགས་ཚལ་གྲོང་གསེབ་བཅོ་ལྔ་འཛུགས་སྐྲུན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད7.5%ཇེ་མཐོར་སོང་བ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་བྱེ་བ་བཞི་ས་ཡ་དགུ་འབུམ་དགུ་སྟོང་གསུམ་འཕར་སྣོན་བྱུང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད57.4%ཟིན་ཡོད།

ཤུགས་ཆེན་པོས་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལྷོད་མེད་བྱས་ཏེ་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱ་རྒྱུ་དེ་མི་རྣམས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་5464ཡོད་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་ནས་བཞུར་གྱིན་ཡོད་པས།  རང་རྒྱལ་གྱི་འབྲི་ཆུའི་རྗེས་ཀྱི་ཆུ་བོ་ཆེ་གྲས་གཉིས་པ་ཡིན།

2019ལོའི་ཟླ9ཚེས18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲིན་ཀྲིག་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་བའི་དུས་རབས་ཀྱི་འབོད་སྒྲ་དྲག་པོ་གནང་བ་རེད།

མཚོ་སྔོན་ནི་རྨ་ཆུའི་འགོ་ཁུངས་ཡིན་ལ། མངའ་ཁོངས་སུ་གཞུང་ཆུའི་རིང་ཚད་སྤྱི་ལེ་སྟོང་གཅིག་དྲུག་བརྒྱ་གོ་བཞི་ཟིན་པ་དང་། རྫོང་ཁོངས་བཅུ་དྲུག་ལ་བཞུར་གྱིན་ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་ཟིན་ཡོད། མཚོ་སྔོན་གྱིས་ལོ་རེར་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར264ལྷག་འདྲེན་གྱི་ཡོད་པ་དེས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་གྱི49%ཟིན་ནས་རྨ་ཆུའི་འབབ་རྒྱུད་ཧྲིལ་པོར་ཕན་ཐོགས་ཀྱིན་ཡོད་པ་རེད།

མཚོ་སྔོན་གྱིས་རང་རྟོགས་སྒོས་ཆུའི་འགོ་ཁུངས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཏན་ཏིག་གིས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་དང་། ཆུའི་ཁོར་ཡུག ས་ཆུ་སྲུང་འཛིན།  ལྟག་ཆུ་བསྐྱིལ་གསོག་སོགས་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྨ་ཆུ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་པར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བ་བཀག་འགོག་བྱུང་ནས། སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་སོང་བ་དང་།  རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་སོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན་དུ་གྱུར་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ནང་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི2005ལོ་ནས་2018ལོའི་བར་གྱི་ལོ་དུ་མའི་རིང་གི་ཆ་སྙོམས་རང་ཐོན་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར225ལྷག་ཟིན་ཞིང་། 1956ལོ་ནས2000ལོ་བར་གྱི་ལོ་དུ་མའི་རིང་གི་རང་ཐོན་ཆུའི་ཐོན་ཁུངས་ཀྱི་ཆ་སྙོམས་འཕར་ཚད8.2%ཟིན་ཡོད།   རྨ་ཆུའི་འགོ་ཁུངས་ཀྱི་ཆུའི་སྐྱེ་ཁམས་གསོ་འཁྱོངས་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད།

ལོ་བཅུ་གཉིས་ལ་ཞིང་ཆེན་ནས་ཐོན་པའི་ཆུ་གཞུང་གི་ཆུ་སྤུས་ལེགས་པོ་སྲུང་འཛིན་བྱས་པ་དང་། རྨ་ཆུ་དང་མཚོ་སྔོན་པོ། ཚྭ་འདམ་གཞོང་གི་སྐམ་སའི་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་སྤུས་རིགས་གཉིས་པ་ཡན་སྲུང་འཛིན་བྱས་ནས་གཙོ་གནད་གཙང་པོ་དང་། མཚེའུ་བཅས་ཆུའི་བྱེད་ནུས་ཁུལ་གྱི་ཆུ་སྤུས་ཚད་གཞིར་སླེབས་ཚད93.2%ཟིན་ཡོད་པ་རེད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།