ཉེ་ལམ་བསྡུས་པའི་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་སྟེང《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་གཞི》ལ་གྲོས་འཆམ་བྱུང་། དེའི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་ནས་མགོ་བརྩམས་ཏེ། ལོ་རྒྱུས་ལ་འགན་འཁུར་པ་དང་མི་དམངས་ལ་འགན་འཁུར་པ། འཛམ་གླིང་ལ་འགན་འཁུར་པའི་རྣམ་འགྱུར་རྒྱུན་བསྐྱངས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལས་དོན་དམ་འཛིན་བྱེད་དགོས་པ་ནན་གྱིས་བསྟན་ཡོད། སྲུང་སྐྱོབ་དམིགས་འབེན་དུ་འཛིན་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ས་ཁོངས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོ་དང་ཚོད་འཛིན་མཁྲེགས་པོར་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་འཁྱགས་རོམ་སོགས་ཀྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། དེ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཏང་ཀྲུང་དབྱང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་སྐྱོང་སེམས་ཁུར་བྱེད་པ་མཚོན་ཡོད།
ད་ལྟའི་བར་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་འོག་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། ཏང་ཀྲུང་དབྱང་གི་སྲིས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ཏེ། གཙོ་གནད་སྐྱེ་ཁམས་ལས་གཞི་མང་པོ་མགྱོགས་མྱུར་སྒོས་ལག་བསྟར་བྱས་ཤིང་། སྐྱེ་ཁམས་མ་ལག་གི་གནས་ཚུལ་ཇེ་ལེགས་སུ་སོང་བ་མངོན་གསལ་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད། ད་ལྟའི་མཚོ་སྔོན་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཕན་འབྲས་མངོན་གསལ་ཡིན་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྦག་བཙོག་འགོག་བཅོས་ཀྱི་ལས་དོན་ལེགས་པོར་སྒྲུབ་པ་སོགས་ལ་བརྟེན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་འདི་ནས་ལག་བསྟར་བྱས་ཤིང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་འདི་ནས་སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སེམས་སུ་དམ་པོར་གནས་ཡོད། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཛིན་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་རིན་ཐང་འཚོལ་སྙེག་ཤིག་ཏུ་གྱུར་ཡོད་ལ། མཐོ་སྒང་གི་ས་གནས་གང་སར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཡག་པོ་མངོན་ཡོད་ཅིང་། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།
མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བསྩལ་བའི་འགན་འཁྲི་ཆེན་པོ་ཡིན། མིག་སྔར་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་བཞིན་འགྲན་སློང་གིས་ཁེངས་ཡོད་ཅིང་། ད་དུང་དཀའ་ཁག་མི་ཉུང་བར་འཕྲད་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཛུབ་སྟོན་གལ་ཆེན་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཐོ་ཚད་ནས་ཤེས་རྟོགས་བྱེད་དགོས་པ་དང་། མི་དང་རང་བྱུང་ཁམས་ཐུན་མོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཟུར་ཚད་ནས་ལྟ་སྟངས་འཛིན་དགོས་ལ། རྒྱལ་ཁབ་ཀྱི་དོན་ཆེན་གྱི་ཚད་གཞི་ནས་ཚོད་འཛིན་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་གསར་བའི་དུས་རིམ་ནས་རྐང་བཙུགས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་གསར་བའི་གནས་སྟངས་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏིང་ཚད་ལ་སྐུལ་འདེད་བཏང་ནས། དོན་སྙིང་གལ་ཆེན་རྒྱུས་ལོན་དང་གོ་སྐབས་ཆེན་པོ་དམ་འཛིན་བྱེད་དགོས་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཡག་པོ་ཞིག་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ་བླང་བྱ་གསལ་བོ་བཏོན་ཡོད། ང་ཚོས་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་འཁུར་ནས། སྔར་ལས་ལྷག་པར“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་ཏུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བྱས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་དང་ཚན་རིག་དང་མཐུན་པའི་སྤྱོད་ཚུལ་གཟབ་ནན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བྱེད་ཐབས་གལ་ཆེན་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས།
སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྲུང་སྐྱོབ་དང་གསར་སྤེལ། འཛུགས་སྐྲུན་བཅས་གཅིག་གྱུར་མཐུན་སྦྱོར་བྱེད་དགོས། མཚོ་སྔོན་ནི་འཛམ་གླིང་གི་སྣེ་གསུམ་པ་ཡིན་པ་དང་། སྐྱེ་ཁམས་གོ་གནས་འབུར་དུ་ཐོན་པས། ངེས་པར་དུ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་གནས་ཐིག་གཏན་ཁེལ་ནས་གཞི་ཚུགས་ཏེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་འགན་འཁྲི་ཆེན་པོ་མཐའ་གཅིག་ཏུ་འཁུར་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་དམིགས་འབེན་དུ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཚན་རིག་སྲུང་སྐྱོབ་དང་མ་ལག་སྲུང་སྐྱོབ་། མཐུན་སྦྱོར་སྲུང་སྐྱོབ་། ཁྲིམས་ལྟར་སྲུང་སྐྱོབ་བཅས་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་སྣ་ཚོགས་འོས་འཚམ་སྒོས་གསར་སྤེལ་བྱ་རྒྱུ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་མེད་པར་བཟོས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་ཞིབ་འཇུག་ལས་དོན་ནན་ཏན་གྱིས་སྒྲུབ་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་རྒྱུན་མཐུད་འཕེལ་རྒྱས་ཟུང་འབྲེལ་དམ་ཚགས་བྱེད་པ། སྐྱེ་ཁམས་རྒྱུ་ནོར་དེ་སྐྱེ་ཁམས་ཐོན་རྫས་སུ་བསྒྱུར་ནས། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་གི་ལྡོག་མེད་གདམ་ག་རུ་འགྱུར་བར་སྐུལ་འདེད་དང་། མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་གལ་ཆེན་ཡིན། འཕེལ་རྒྱས་གསར་བའི་དུས་མཚམས་སུ་སླེབས་རྗེས། ང་ཚོས་སྔར་ལས་མཐོ་བའི་མགོ་རྩོམ་ས་ནས་སྔར་ལས་ཆེ་བའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། ང་ཚོས་སེམས་ལ་རྒྱལ་ཁབ་ཀྱི་དོན་ཆེན་བཅངས་ནས། སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་རྩྭ་དང་རྩི་ཤིང་རེ་རེ་དང་རི་ཀླུང་ཆུ་གསུམ་སྲུང་སྐྱོབ་ཡག་པོ་བྱས་པ་བརྒྱུད། རང་བྱུང་ཁམས་ཀྱི་གནང་སྦྱིན་དེ་དག་རྒྱུན་མཐུད་རང་བཞིན་དང་ཡུན་གཏན་རང་བཞིན་གྱི་རྒྱུ་ནོར་དུ་བསྒྱུར་ནས། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་དགོས། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།