སྔོ་ལྗང་གི་རི་ཆུ་བསྲུངས་ནས་རབ་མཛེས་ཀྱི་མཚོ་སྔོན་བསྐྲུན་པ།
2021.07.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད།

མཚོ་སྔོན་ནི་མཚོ་བོད་མཐོ་སྒང་དུ་གནས་ལ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པར་མ་ཟད། མངའ་ཁོངས་སུ་ཆུ་རྒྱུན་བསྣོལ་མར་འདྲེས་ནས་ཡོད་པ་དང་། ན་འདམ་མུ་འབྲེལ་དུ་ཡོད་པ། གངས་རི་དང་ནགས་ཚལ་ཚར་དུ་དངར་བ། འཁྱགས་ཀློང་གང་སར་ཁྱབ་པ་བཅས་ཀྱིས། ཆུ་ཁོངས་གསོག་འཇོག་དང་ཆུའི་སྙོམས་སྒྲིག་བྱེད་ནུས་གལ་ཆེན་ལྡན་པ་རེད།

མཚོ་སྔོན་གྱིས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་དེ་གསལ་པོར་ཤེས་པར་བྱས་ཏེ། མཚོ་སྔོན་གྱི་བུ་དང་བུ་མོ་རྣམས་ཀྱིས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་མངོན་པ། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱས་པ། གཙང་ཆབ་ལྷུང་ལྷུང་ཤར་དུ་བཞུར་བ་ལ་ཁག་ཐེག་བྱེད་པའི་གཅིག་གྱུར་འགུལ་སྐྱོད་ཁྲོད། དངོས་གནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོས་ཏེ། སྔོ་ལྗང་གི་རི་ཆུ་ལ་མཛེས་ཉམས་བཏོན་ཅིང་། གསེར་རི་དངུལ་རི་ལ་རིན་ཐང་ལྡན་པར་བྱས་པས། མཛེས་པ་མཉམ་གནས་དང་མཛེས་ཐོག་རྒྱན་བརྩེགས་བྱས་ཡོད།

2016ལོའི་དཔྱིད་ཀར། རྒྱལ་ཡོངས་ཀྱི་ཐོག་དང་པོར་གཏོགས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་མཚོ་སྔོན་ནས་མགོ་བརྩམས་ཏེ། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་ལེགས་སུ་གཏོང་བའི་འཚོལ་ཞིབ་ལམ་བུ་ཞིག་བཏོད། 2017ལོར། མཚོ་སྔོན་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་གྱི་ཞིང་ཆེན་གྲས་ཀྱི་གཅིག་ཏུ་གྱུར་པ་དང་། དེ་ནས་བཟུང་མཚོ་སྔོན་ནི་རྒྱལ་ཡོངས་ཀྱི“རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གཉིས”ཅན་གྱི་ཚོད་ལྟའི་ཞིང་ཆེན་ཐོག་མར་གྱུར། 2019ལོའི་ཟླ6པར། མཚོ་སྔོན་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་མ་ལག་དཔེ་སྟོན་ཞིང་ཆེན་བཙུགས་ཤིང་། རྒྱལ་ཡོངས་སུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་པའི་སྲོལ་ཕྱེ།

དེ་རིང་གི་མཚོ་སྔོན་གྱི་ཡུལ་གྲུ་ཆེན་མོའི་སྟེང་། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟར་བདེ་བླག་ངང་དཔྱད་དཔོག་ཞིབ་བཤེར་ཐོབ་སྟེ། གླིང་ཁུལ་འཛུགས་སྐྲུན་གྱི་གནད་འགག་གི་དུས་རིམ་དུ་སླེབས་ཤིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་བརྟན་བརླིང་ངང་སྐུལ་འདེད་བཏང་ཞིང་། “གོམ་པ་གསུམ་བགྲོད”ཀྱི་འཐབ་ཇུས་ཁྲོད་ཕུགས་འདུན་དེ་མངོན་འགྱུར་འབྱུང་བཞིན་ཡོད་དེ། རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་བདེ་བླག་ངང་གྲུབ་པ་དང་། ཐཱན་གཏོང་ཤུགས་མར་ཆག་ཚད་མདུན་གྲལ་དུ་སླེབས་པ་དང་། ལྗང་མདོག་བརྗེ་བསྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་།

ཨ་ཆེན་གངས་རྒྱབ་ཀྱི་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་སྟེ། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ལ། མཚོ་ངོས་ལས་ཆེས་མཐོ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་གནས་ཡུལ་དུ་གྱུར་པ་དང་། མཚོ་སྔོན་པོའི་ཆུ་ངོས་མུ་མཐུད་དུ་ཡར་འཕར་ཞིང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ལོ་རེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། “ཆུ་བྱ་ཉ་གསུམ”གྱི་སྐྱེ་ཁམས་མ་ལག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་། ནགས་ཚལ་གྱི་ཁེབས་ཚད6.3%ནས7.5%བར་ཇེ་མཐོར་ཕྱིན་ཅིང་། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད57.4%ལ་སླེབས།

མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་སྲུང་སྐྱོབ་བྱེད་མགོ་མ་ཚུགས་པའི་སྔོན་དང་བསྡུར་ན་ལྡབ38འཕར་ཡོད་ལ། གདོད་མའི་གསོག་ཚད་ཀྱི29.1%ལ་སླེབས་ཤིང་། དགོ་བའི་ཁ་གྲངས་དུས་རབས་གོང་མའི་དུས་མཇུག་གི་དགོ་བ300ལྷག་ནས་དགོ་བ2700ལྷག་ལ་བུད་པ་དང་། གཙོད་ཀྱི་ཁ་གྲངས་ནི་ཆེས་ཉུང་བའི་སྐབས་ཀྱི་ཁྲི2ལ་ཡང་མི་ལོང་པ་ནས་ཁྲི7ཡས་མས་སུ་འཕེལ་བ་དང་། གསའ་ཡི་གྲངས་ཀའང1800ལྷག་ལ་འཕར་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གིས་གསའ་ཡི་འགུལ་སྐྱོད་ཟིན་འགོད་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རྫོང་ཁག་རྣམས་ལས་ཕྱེད་ཀ་ཙམ་ལ་གསའ་རྒྱུ་བ་མཐོང་།

སྐྱེ་ཁམས་ཀྱི་འགན་འཁྲི་ལག་ཏུ་བསྟར་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱུང་བ།

མཚོ་སྔོན་གྱི་འགན་འཁྲི་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད།

མིའི་གཙོ་ནུས་དངོས་གནས་འདོན་སྤེལ་བྱས་ཏེ། ཐོན་ཁུངས་བེད་སྤྱོད་མཁན་ནི་སྐྱེ་ཁམས་སྲུང་སྐྱོབ་པར་གྱུར་པ་དང་། མི་རེ་རེས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཏུ་གྱུར་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་།

མཚོ་སྔོན་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཆབ་སྲིད་འགན་འཁྲི་ཁུར་ཡོད་ལ། སྐྱེ་ཁམས་ཀྱི་རང་རྟོགས་མུ་མཐུད་དུ་མཐོར་འདེགས་གཏོང་དགོས་ལ། ས་སྲུང་བར་འགན་འཁྲི་ཡོད་པ་དང་། ས་སྲུང་བར་འགན་འཁྲི་ཁུར་པ། ས་སྲུང་བར་འགན་འཁྲི་ལེགས་སྒྲུབ་བཅས་ཀྱི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་དང་། རྩི་ཤིང་དང་སེམས་ཅན་སྲུང་སྐྱོབ་བྱས།

སྐྱེ་ཁམས་འགན་འཁྲི་ལག་བསྟར་བྱ། དམ་བཅའ་བརྟན་པོ་ལག་ལེན་བྱ། རང་ཞིང་གིས་ཙོང་ཆུའི་བཞུར་ཁོངས་བཅོས་སྐྱོང་མགོ་བརྩམས་ཤིང་། ཆུ་བཅོས་པ་ནས་སྐམ་ས་བཅོས་པ་དང་དེ་ནས་ཆུ་ངོགས་བཅོས་པ། གྲོང་ཁྱེར་ནས་འཁོར་ཁང་དང་དེ་ནས་རི་ཐང་དུ་བཟོ་ལས་ཀྱི་སྦགས་བཙོག་འགོག་བཅོས་བྱས་པ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་སྦགས་བཙོག་བཅོས་སྐྱོང་ཇེ་དྲག་ཏུ་བཏང་བ་དང་། ཞིང་ལས་སྦགས་བཙོག་འགོག་བཅོས་སོགས་བྱེད་ཐབས་སྣ་མང་ལ་སྐུལ་འདེད་བཏང་བ་བརྒྱུད། ད་ལྟའི་ཙོང་ཆུ་ནི་ཆུ་དྭངས་ཤིང་འགྲམ་ངོགས་ལྗང་མདོག་ཡིན་ལ་འབབ་རྒྱུན་ཡངས་པའི་གྲོང་ཁྱེར་གྱི་མཛེས་ལྗོངས་ཤིག་ཏུ་མཐོང་ལ། དངུལ་གྱི་སྐེ་རགས་ཤིག་དང་འདྲ་བར་གྲོང་ཁྱེར་བརྒྱུད་ནས་བཞུར་བཞིན་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དུ། ལོ17རིང་གི“འགྱིག་ཁུག་འགོག་པ”ཡི་འགུལ་སྐྱོད་ཅིག་དམངས་ཡོངས་ཀྱིས་མཉམ་དུ་སྐྱེ་ཁམས་ལེགས་པོ་སྲུང་སྐྱོབ་བྱེད་པའི་རང་རྟོགས་ཀྱི་འགུལ་སྐྱོད་དུ་གྱུར་ཡོད། དེང་སྐབས། སྐྱེ་ཁམས་ཁོར་ཡུག་ལེགས་པོས་མིའི་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། གནས་འདི་ནས་ཐོན་པའི“ཤོ་ཏོའི་ནོར་གནག”སོགས་ཞིང་ཕྱུགས་ཐོན་ལས་ཀྱིས་ལྗང་མདོག་དང་། སྐྱེ་ལྡན་གྱི་མཚན་རྟགས་བཟུང་ནས་རྒྱལ་ཡོངས་སུ་བསྐྱོད་པ་དང་། དེ་དང་མཉམ་དུ་བྱུང་བའི་འདེབས་འཛུགས་གསོ་སྤེལ་མཉམ་ལས་ཁང་དང་། གློག་རྡུལ་ཚོང་དོན་སོགས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་སྒོར་ཁུག་ཇེ་མཐུག་ཏུ་བཏང་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་བྱེད་པའི་གོ་རིམ་ཁྲོད། “ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་སྤྱི་ཕན་ལས་གནས་ལག་ཏུ་བསྟར་བ་དང་། འབྲོག་དམངས17211གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཅིང་། ཟླ་རེར་གཏན་འཁེལ་གྱི་ཟླ་ཕོགས་ཡོད་པར་མ་ཟད། དེ་ལས་ཀྱང་ཁོ་ཚོ་ནི་སོ་སོའི་སྐྱེ་ས་འཚར་ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟོབས་ཤུགས་སུ་གྱུར།

སྐྱེ་ཁམས་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་སྲུང་འཕར་མངོན་འགྱུར་བྱུང་།

མཚོ་སྔོན་གྱི་མི་མངོན་པའི་ནུས་ཤུགས་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད།

མཚོ་སྔོན་དུ། སྐྱེ་ཁམས་ནི་གནམ་གྱིས་གནང་བའི་རིན་བྲལ་ཐོན་ཁུངས་ཡིན་ལ། དེ་ལས་ཀྱང་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་མངོན་འགྱུར་གྱི་རྨང་གཞི་བརྟན་པོ་ཡིན། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱིས་ཁྲིད་སྟོན་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ལ་མུ་མཐུད་དུ་རྒྱུ་ནོར་གྱི་རིན་ཐང་འདོན་དུ་འཇུག་དགོས་ལ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་རུ་བསྒྱུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་དགོས།

2020ལོའི་ལོ་མཇུག་ཏུ་སླེབས་དུས། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་འཕྲུལ་སྟོང་ཝ་ཁྲི3637ལ་སླེབས་ཤིང་། ལོ་རེའི་ཆ་སྙོམས་འཕར་ཚད20%དང་། 2015ལོའི80%ནས90%ལ་བརྒལ་བ་དང་། ལོ་ངོ་ལྔའི་རིང་ལ། གསར་འཕར་གློག་ཤུགས་སྒྲིག་འཕྲུལ་ཡོངས་རྫོགས་དྭངས་གཙང་ནུས་ཁུངས་སུ་གྱུར་པ་དང་། རྒྱལ་ཡོངས་ཀྱི་དཔེ་སྲོལ་བཏོད།

སྐྱེ་ཁམས་ཁོར་ཡུག་ལེགས་པོས་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ལྗང་མདོག་དང་། སྐྱེ་ལྡན་གྱི་རང་བྱུང་དགེ་མཚན་བསྐྲུན་ནས། རང་ཞིང་གི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། མཐོ་སྒང་ནས་ཡོང་བའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་རིན་ཐང་སྔར་ལས་ཆེ་བ་མངོན་ཡོད།

སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་རྒྱུ་དམིགས་ཡུལ་དུ་བཟུང་ནས། སྐྱེ་ཁམས་ཡུལ་སྐོར་ནི“མིག་དབང་འགུག”ཅིང“སྒོར་མོ་ཡང་འགུག་པ”ཡི་བདེ་སྐྱིད་ཐོན་ལས་སུ་འགྱུར་བཞིན་ཡོད།

                                                                     རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།