ཡུས་ཧྲུའུ་ཡི་སྐྱེ་ཁམས་འཕོ་འགྱུར།
2021.08.20 ཁུངས། མི་དམངས་དྲ་བ། ཀློག་གྲངས། 12

 ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག རིགས་སོ་སོའི་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་བྱས་པས། མུན་ནག་ནས་འོད་ཟེར་དང་། སྒོ་རྒྱག་ནས་སྒོ་འབྱེད། དབུལ་ཕོངས་ནས་འབྱོར་འབྲིང་བཅས་ཀྱི་ཕྱོགས་སུ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་སྟེ། འཛམ་གླིང་གི་ཡང་རྩེར་བརྗིད་ཆེའི་ངོ་མཚར་བསྐྲུན་ཡོད།

སྲུང་སྐྱོབ།

ཟམ་སྲུང་ལས་རེས་ཁང་གི་སྒོ་ཁར་ལངས་ནས་མདུན་ཕྱོགས་ཀྱི་ལང་ལོང་དུ་འཕྱོ་བའི་འབྲི་ཆུ་དང་། འབྲི་ཆུའི་ཟམ་ཆེན་ཐོག་གི་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དག་ལ་ལྟ་བཞིན།  བགྲེས་པོ་ཡོན་ཏན་གྱི་སེམས་ལ་འཆར་སྒོ་སྣ་ཚོགས་ཤིག་འཁོར་བྱུང་།

བདེ་སྐྱིད་ཟམ་པར་སྨི186དང་།  ཚེ་སྲོག་ཟམ་པར་སྨི274.5 ། འཕུར་ལྡིང་ཟམ་པར་སྨི837ཡོད་ཅེས་ལོ་བརྒྱད་ཅུར་སླེབས་པའི་བགྲེས་པོ་ཡོན་ཏན་གྱིས་ཟམ་པ་གསུམ་གྱི་མིང་དང་རིང་ཚད་གསལ་བོར་བཤད་པ་དང་། ཁོང་གི་རྒྱབ་ཕྱོགས་སུ་ཐོག་སོ་གཉིས་ཅན་གྱི་ཐོག་ཁང་ཆུང་ཆུང་ཞིག་ཡོད་ལ། ཟམ་སྲུང་ལས་རེས་ཁང་ཞེས་པའི་སྒོ་བྱང་སེར་པོ་དེ་མིག་ལམ་དུ་གསལ་བོར་མངོན་ཡོང་། 1951ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ཤིང་། 1954ལོར། ཟི་ལིང་ནས་ཡུས་ཧྲུའུ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། 1963ལོར་འབྲི་ཆུའི་ཟམ་ཆེན་བསྐྲུན་ཚར་བ་རེད།

1977ལོའི་ཟླ་དགུ་པར། ཡོན་ཏན་གྱིས་ཟམ་ཆེན་འགྲམ་དུ་བཅའ་སྡོད་བྱེད་མཁན་བཅིངས་འགྲོལ་དམག་མིའི་ལག་ནས་ཟམ་སྲུང་གི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཏེ། ཡུལ་དམག་ཟམ་སྲུང་པན་གྱི་པན་ཀྲང་དང་པོ་བྱས་ཤིང་། དེ་ནས་བཟུང་ཟམ་སྲུང་ལས་རེས་ཁང་དུ་ལོ13རིང་ལ་ལས་རེས་བྱས། ཁོང་གིས་དང་ཐོག་ཟམ་སྲུང་ལས་འགན་དང་ལེན་བྱེད་ དུས་པན་ཀྲང་གིས་ཁོང་ལ་རང་ཉིད་ཀྱི་མིག་ཟུང་ལ་གཅེས་པ་ནང་བཞིན་ཟམ་ཆེན་འདི་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་པའི་སྐད་ཆ་དེ་ད་ལྟའང་སེམས་ལ་གསལ་པོར་དྲན་བཞིན་ཡོད།

2012ལོར། ཞེང་ཚད་ལ་སྨི13.5ཡོད་པའི་འབྲི་ཆུའི་ཟམ་ཆེན་གཉིས་པ་བསྐྲུན་ནས་ཡུས་ཧྲུའུ་གྱི་གནོད་ཤུལ་བསྐྱར་སྐྲུན་ལས་དོན་ལ་ནུས་པ་གལ་ཆེན་བཏོན་ཡོད།  ཟམ་ཆེན་དེར་མི་རྣམས་ཀྱིས་ཚེ་སྲོག་ཟམ་པ་ཞེས་འབོད་ཀྱི་ཡོད་པ་རེད།

2017ལོར་ཞེང་ཚད་ལ་སྨི22ཡོད་པའི་འབྲི་ཆུའི་མྱུར་བགྲོད་ཟམ་ཆེན་གསུམ་པ་བསྐྲུན་ཞིང་། དེ་ནི་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་གི་ལོ་མང་རིང་གི་འཁྱགས་ཁུལ་བརྒལ་བའི་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་ཐོག་མ་ཡིན་ལ། ཡུས་ཧྲུའུ་མི་དམངས་ཀྱིས་ཟམ་ཆེན་དེར་འཕུར་ལྡིང་ཟམ་པ་ཞེས་འབོད་ཀྱི་ཡོད་པ་རེད།

ཟམ་ཆེན་དེ་གསུམ་པོས་ཀྱང་ཡུས་ཧྲུའུ་གྱི་ལོ་ངོ70རིང་གི་མཆོང་སྐྱོད་འཕེལ་རྒྱས་ཀྱི་དཔང་པོ་བྱེད་ཐུབ།

སོ་ལྟ།

ཞོགས་པར། གྲུ་དཔོན་ཚང་གི་གཞིས་རྙིང་གི་མཁའ་དབྱིངས་སུ་ལྷ་བསང་གི་དུད་སྤྲིན་འཁྲིགས་ཤིང་། བབ་ཆགས་པའི་སྲོལ་རྒྱུན་གྱི་ཤིང་བཟོས་ཐེམ་སྐས་དང་། གནའ་བོའི་གསོན་ཉམས་དོད་པའི་བོད་ཀྱི་ཐབ་ཆས། བཟོ་རྩལ་ཁྱད་དུ་འཕགས་པའི་ཤིང་གི་སྒེའུ་ཁུང་བརྐོས་རིས་ཅན་སོགས་གང་ལ་བལྟས་ཀྱང་ལོ་རྒྱུས་ཀྱི་དོན་སྙིང་མི་ལྡན་པ་གཅིག་ཀྱང་མེད།

ཡུས་ཧྲུའུ་གྲོང་ཁྱེར་གྱི་ཤར་ངོས་སུ་ཡོད་པའི་འབྲི་ཆུའི་ངོགས་སུ་གནའ་བོའི་གྲོང་ཚོ་ཞིག་ཆགས་ཡོད་ལ། དེ་ནི་ཁྲི་འདུ་རྫོང་ཞིབ་དབུས་གྲོང་རྡལ་གྲུ་བའི་མདའ་གྲོང་ཚོ་རེད། དེ་གར་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་འབྲི་ཆུའི་རབ་ཁ་ཡོད་པས། གྲོང་ཚོ་དེ་མི་ཤེས་མཁན་གཅིག་ཀྱང་མེད་པ་རེད།

གྲུ་དཔོན་ཚང་ནི་ཡུས་ཧྲུའུ་ཡི་ལོ་རྒྱུས་ཐོག་གི་གྲུ་དཔོན་ཁྱིམ་རྒྱུད་ཀྱི་གནའ་བོའི་གཞིས་ཀ་ཡིན། ཧ་ལམ་ལོ་ན90ལ་བསླེབས་པའི་གྲུ་དཔོན་ཉི་མ་ཚེ་རིང་ནི་འབྲི་ཆུའི་གྲུ་བའི་མདའ་རབ་ཁའི་གྲུ་དཔོན་ཐ་མ་དེ་ཡིན་ལ། ཕོ་ལོ20ནས་བཟུང་འབྲི་ཆུའི་རབ་ཁར་གྲུ་པ་བྱས་པ་རེད།

མཐོ་སྒང་གི་གནམ་གཤིས་མི་ལེགས་པས་གྲུར་བསྡད་ནས་འབྲི་ཆུ་སྒྲོལ་ཐེངས་རེར་ང་དང་གྲུ་བ་ཚོར་དངངས་སྐྲག་ཆེན་པོ་སྐྱེས་ལ།  སྐབས་དེར་མང་ཚོགས་ཚོས་འབྲི་ཆུར་ཟམ་པ་ཅིག་བསྐྲུན་ཐུབ་ན་ཅི་མ་རུང་ཞེས་རྟག་ཏུ་བཤད་ཀྱིན་ཡོད་ཅེས་གྲུ་དཔོན་ཉི་མ་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

ཟམ་ཆེན་རེ་རེ་བསྐྲུན་ནས་རབ་ཁའི་ཚབ་བྱས་པས། ཉི་མ་ཚེ་རིང་གིས་ཀྱང་ལྗིད་ཐེག་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་གྱི་ལས་ཀ་གཉེར་བ་དང་། རྗེས་སུ་གཡུ་བྱུར་སོགས་རྒྱན་ཆའི་རིགས་དང་བལ་དང་པགས་པ་སོགས་ཀྱི་ཚོང་ཡང་བརྒྱབ་པ་རེད། “ང་ཚོས་སྔོན་ཆད་ཀྱི་རྫ་ཕོར་རྙིང་པ་དོར་ནས་དུས་རབས་གསར་པའི་གསེར་ཕོར་ལག་ཏུ་བཟུང་ཡོད”ཅེས་ཉི་མ་ཚེ་རིང་གིས་རྟག་ཏུ་དེ་ལྟར་བཤད་ཀྱིན་ཡོད་པ་རེད།

ལྟ་སྲུང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་འཛམ་གླིང་གི་དངོས་རིགས་གཞི་རྒྱུའི་མཛོད་དང་རྒྱུད་འཛིན་གཞི་རྒྱུའི་མཛོད་ཆ་ཚང་བ་ཞིག་ཡིན་ལ། འཛམ་གླིང་གི་ས་བབ་མཐོ་ཞིང་རྒྱ་ཁྱོན་ཆེ་བ།  བརླན་ས་ཕུན་སུམ་ཚོགས་པ་བཅས་ཀྱི་ས་ཁུལ་ཞིག་ཀྱང་ཡིན།

འབྲི་ཆུའི་འགོ་ཁུངས་ཕྱོགས་སུ་བསྐྱོད་ཚེ། འབྲི་ཆུའི་འགོ་ཁུངས་ཀྱི་རྫོང་དང་པོ་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་དུ་སླེབས། ལོ70ལ་སླེབས་པའི་བགྲེས་པོ་བསོད་ནམས་ནོར་བུ་ཡིས་འདས་པའི་ལོ20ལྷག་ལ་རང་ནུས་ཡོད་ཚད་བཏོན་ནས་རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་བྱོན་པ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་བཞུགས་གནས་རྙིང་པར་ལྟ་སྲུང་བྱས།

1994ལོའི་ཟླ་དང་པོར། སྐབས་དེའི་འབྲི་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན་པའི་བསོད་ནམས་དར་རྒྱས་དང་རུ་མི4ཡིས་ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་ལྐོག་རྔོན་བྱེད་མཁན་20བཟུང་ནས་རླངས་འཁོར7དང་གཙོད་ལྤགས1800ལྷག་ཙམ་གཞུང་ལ་བླངས་པ་དང་། ལྐོག་རྔོན་བྱེད་མཁན་དེ་དག་བཟུང་སྐྱེལ་བྱེད་སྐབས་འཇབ་རྒོལ་ཐེབས་ནས་སྐུ་གཤེགས་པ་རེད།

སྐྱེ་ཁམས་ཀྱི་ཡོང་འབབ་ཐོབ་པས་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ལས་དོར་ཏེ། སྐྱེ་ཁམས་བེད་སྤྱོད་པ་ཞིག་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད། ཧ་ལམ་མི་འབུམ་གསུམ་ཁྲི་གཅིག་ལ་སྐྱེ་ཁམས་ཁ་གསབ་ཐོབ་ནས་སྲིད་གཞུང་དང་མཉམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ཧུར་ཐག་གིས་སྲུང་སྐྱོབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།