བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།
2021.09.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

 --《གཏན་འབེབས》དང《ཇུས་གཞིའི》དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ།

སྐྱེ་ཁམས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བ་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་བསྩལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན་ལ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་ནི་སའི་གོ་ལའི་མཐའ་སྣེ་གསུམ་པའི་མདོ་དབུས་མཐོ་སྒང་དུ་གནས་ཤིང་།  རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་བཅས་ཡིན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་ཞིང་འགན་འཁྲི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བ་ཞིག་ཡིན་པས།  ང་ཚོས་ངེས་པར་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྟེང་གི《གཏན་འབེབས》ཀྱི་བཀོད་སྒྲིག་ལྟར།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྱོན་ཡོངས་ལ་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་བྱེད་པའི་སྟེང་བཞག་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བཅངས་ཏེ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།

སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་གལ་ཆེ་ཤོས་དང་རྒྱུན་མཐུད་ཐུབ་པའི་མིང་བྱང་ཤིག་ཡིན་ལ། རྒྱལ་ཡོངས་སུ་རྐང་འཛུགས་ཐུབ་པ་དང་སྤུས་རྟགས་སྐྲུན་ཐུབ་པ་ཞིག་ཀྱང་རེད། དོན་དངོས་ལས་སྐྱེ་ཁམས་ཐད་བྱས་རྗེས་བསྐྲུན་ཚེ་གཞི་ནས་མཚོ་སྔོན་གྱི་རིན་ཐང་མངོན་འགྱུར་བྱེད་ཐུབ་པ་ར་སྤྲོད་བྱུང་ཡོད།《གཏན་འབེབས》ཁྲོད་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ། སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་གྱི་བྱ་སྤྱོད་སྤེལ་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་གནས་བབ་ལེགས་འགྱུར། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཏེར་ཁུལ་སྣ་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་ཐད་བཀོད་སྒྲིག་ཞིབ་རྒྱས་བྱས་པ་མ་ཟད། ད་ལྟ་སྒྲུབ་བཞིན་པའི་ལས་དོན་མང་པོ་དང་ཟུང་འབྲེལ་དང་རྒྱུན་མཐུད་བྱས་བ་དང་། སྔར་ལས་མང་ཞིང་མཐོ་བའི་བྱེ་བྲག་གི་དམིགས་འབེན་ཀྱང་གཏན་འབེབས་བྱས་ཏེ།  མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་རྒྱུན་མཐུད་རང་བཞིན་དང་། མ་ལག་རང་བཞིན། རྒྱང་ལྟའི་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེས་ཆེར་མཚོན་པར་བྱས་པ་དེ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྟོག་ཞིབ་གནང་ནས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་བཀོད་སྒྲིག་ཞིབ་ཚགས་གནང་བ་ཞིག་དང་།  རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་ གནས་བབ་གསར་པ་གསར་གཏོད་བྱེད་པའི་གོམ་སྟབས་བརྟན་པོ་ཞིག་ཀྱང་ཡིན་པ་བསྟན་ཡོད།

བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་ང་ཚོར་སྟོབས་ཤུགས་ཡོད།  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་མཚོ་སྔོན་གྱིས་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས97%ཟིན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་དེ་བསྟུད་མར་ལོ་ལྔར་ནུབ་བྱང་གི་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་པ། ཁོར་ཡུག་ནི་དམངས་ཚིས་ཡིན་པ་དང་སྔོ་ལྗང་ནི་མཛེས་སྡུག་ལྡན་པ། དགུང་སྔོན་ཡང་བདེ་སྐྱིད་ཡིན་པ་བཅས་ཀྱི་བདེན་དོན་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད། དེ་དང་ཆབས་ཅིག ཧུར་བརྩོན་གྱིས་སའི་གོ་ལར་སྲུང་སྐྱོབ་བྱེད་པའི་ཕྱོགས་གསུམ་པའི་འགུལ་སྐྱོད་སྤེལ་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། མཚོ་སྔོན་པོ་སོགས་སྐྱེ་ཁམས་གལ་ཆེན་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ་དང་། རྒྱལ་ཁབ་ཀྱི་ས་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བ།  བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་པ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་རྨང་གཞི་སྔར་བས་ཇེ་བརྟན་དུ་ཕྱིན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་གིས་བསྐྲུན་པ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་མཚོ་སྔོན་གྱི་ལེགས་སྐྱེས་ཕུལ་ཡོད།

བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་ང་ཚོར་དེ་བས་ངར་ཤུགས་ལྡན་ཡོད། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་སྟེ། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས།  སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། དེའི་འཚོལ་ཞིབ་དང་ལག་ལེན་གྱི་དོན་སྙིང་ནི་མཚོ་སྔོན་དང་ཀྲུང་གོར་གཏོགས་པ་ཞིག་ཡིན་ལ་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་ཡིན་པས། གསར་གཏོད་དང་གསར་སྐྲུན་གྱི་སྙིང་སྟོབས་མེད་ན་མི་འགྲིག  ད་ལྟའི་མཚོ་སྔོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་པོ་ཡིན་པས། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་གསར་གཏོད་རྒྱུན་འཁྱོངས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ལག་ལེན་གྱི་དཔེ་བཟང་བརྩོན་ལེན་བྱས་ཏེ། དཔེ་མཚོན་གྱི་རིན་ཐང་མངོན་པར་བྱེད་པར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ལག་ལེན་གྱི་མཐོ་ས་བསྐྲུན་པ་དེས་སྤྱི་འདོམས་བྱེད་པ་དང། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་དང་ལས་སྟེགས་སྣ་ཚོགས་འཛུགས་སྐྲུན་དང་བེད་སྤྱོད་ལེགས་པོ་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འཆར་འགོད་དང་རྣམ་གྲངས་སྣ་ཚོགས་དོན་འཁྱོལ་དང་།  སྲིད་ཇུས་དང་། ཞིབ་འཇུག ཚོད་ལྟ། སྒྲིག་སྲོལ་དང་རྐྱེན་སྲོལ་བཅས་བཅོས་སྒྱུར་བྱས་ནས་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་དང་། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ཡག་པོ།  སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཡག་པོ་བཅས་བྱས་ནས།  སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དཔེ་མཚོན་དེ་འཛམ་གླིང་ཡང་རྩེ་ནས་མཐོང་ཐུབ་པ་དང་མིའི་རིགས་ཀྱི་དཔལ་ཡོན་གསར་གཏོད་བྱེད་དགོས་ཞེས་བསྟན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།