ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》བཀྲམ།
2021.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

 ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་དང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི། རྨ་ཆུའི་བྱེ་ཆུའི་འབྲེལ་བ་མཐུན་སྦྱོར་དང་། ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་འགལ་བ་ཞི་ལྷོད་དུ་བཏང་སྟེ་རྨ་ཆུའི་བཞུར་རྒྱུད་ལ་འགན་ལེན་བྱེད་པའི་དགོས་མཁོ་གལ་ཆེན་ཞིག་ཡིན་ཞིང་། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁ་འགོག་སྲུང་བྱེད་པ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དགོས་མཁོ་དངོས་ཡིན་པ། བཞུར་རྒྱུད་ཡོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷོ་ཕྱོགས་དང་བྱང་ཕྱོགས་བར་གྱི་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ། དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་ཡིན་པ། བསམ་བློའི་འདུ་ཤེས་བསྒྱུར་བཅོས་དང་། ཁྲོམ་རའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ། ཁྲོམ་རའི་གཙོ་ཤུགས་ནུས་པ་དང་གསར་སྐྲུན་བྱེད་ནུས་སྐུལ་སློང་བྱེད་པའི་ནང་གནས་ཀྱི་དགོས་མཁོ་བཅས་ཡིན་པ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་ཤུགས་ཆེན་པོས་དར་སྤེལ་བྱེད་པ། ཀྲུང་ཧྭའི་དཔལ་ཡོན་མངོན་པར་བྱེད་པ། མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་ཀྱི་དུས་རབས་ཀྱི་དགོས་མཁོ་བཅས་ཡིན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་དངོས་སུ་གཟིགས་ཞིབ་གནང་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོ། ཆིན་ལིན། ཧེ་ལན་ཧྲན་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས།   སྲུང་སྐྱོབ་ཆེན་པོ་བྱེད་རྒྱུར་མཉམ་དུ་དམ་འཛིན་བྱེད་པ་དང་། བཅོས་སྐྱོང་ཆེན་པོར་མཉམ་དུ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ།  རྨ་ཆུ་བཞུར་རྒྱུད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པ།  བཞུར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གཏོང་བ་བཅས་བྱས་ནས་རྨ་ཆུ་བཞུར་རྒྱུད་ཀྱི་མི་དམངས་ལ་ཕན་བདེ་སྐྲུན་པའི་བདེ་སྐྱིད་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྨ་ཆུའི་འགོ་ཁུངས་ནི་མདོ་དབུས་མཐོ་སྒང་གི་བ་ཡན་ཧ་རིའི་བྱང་འདབས་སུ་ཡོད་པ་དང་། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིན་ཞ། ནང་སོག  ཧྲའན་ཞིས། ཧྲན་ཞིས། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་ནས་བཞུར་གྱིན་ཡོད། རྨ་ཆུ་བཞུར་རྒྱུད་ཀྱི་ནུབ་ངོས་ཁུ་ནུ་དང་། བྱང་ངོས་དབྱིན་ཧྲན། ལྷོ་ངོས་ཆིན་ལིན། ཤར་ངོས་པོ་ཧའེ་བཅས་དང་འབྲེལ་བ་དང་། ཤར་དབུས་ནུབ་རྒྱུད་གསུམ་བརྒལ་ཞིང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། མིའི་རིགས་འགུལ་སྐྱོད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ས་ཁོངས་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཧ་ཅང་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གོ་གནས་བཟུང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། 《རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》རྩོམ་སྒྲིག་བྱས་པ་ཡིན། འཆར་འགོད་ཀྱི་ཁྱབ་ཁོངས་རྨ་ཆུའི་བཞུར་རྒྱུད་ཀྱི་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིན་ཞ། ནང་སོག ཧྲན་ཞིས། ཧྲའན་ཞིས། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་འབྲེལ་ཡོད་རྫོང་རིམ་པའི་སྲིད་འཛིན་ཁུལ་ཡིན་ཞིང་། རྒྱལ་ཁབ་ས་ཁོངས་ཀྱི་རྒྱ་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་འབུམ་གསུམ་ཙམ་ཟིན་པ་དང་། 2019ལོའི་ལོ་མཇུག་ཏུ་མི་གྲངས་དུང་ཕྱུར་གཅིག་བྱེ་བ་དྲུག་ཙམ་ཟིན་གྱི་ཡོད་པ་རེད། སྐྱེ་ཁམས་མ་ལག་གལ་ཆེན་གྱི་ཆ་ཚང་རང་བཞིན་དང་། ཐོན་ཁུངས་བཀོད་སྒྲིག་གི་ལུགས་མཐུན་རང་བཞིན། རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གྱི་འབྲེལ་མཐུད་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་བྱེད་ཐབས་ཇུས་འགོད་དང་ལག་བསྟར་བྱེད་སྐབས། དོན་དངོས་གནས་ཚུལ་གཞིར་བཟུང་སྟེ་འབྲེལ་བ་དམ་ཟབ་ཡོད་པའི་ས་ཁོངས་སུ་ལྟ་རྟོག་སྣུར་སྲིང་བྱེད་ཆོག་པ་རེད།

རྩ་གནད་འདི་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། འབྲེལ་ཡོད་འཆར་འགོད་ཇུས་གཞི་དང་། སྲིད་ཇུས་བྱེད་ཐབས། འཛུགས་སྐྲུན་གྱི་འབྲེལ་ཡོད་བཟོ་འགོད་རྣམ་གྲངས་བཅས་བཟོ་བ་དང་ལག་བསྟར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད། འཆར་འགོད་དུས་ཡུན2030ལོ་བར་དང་། དུས་དཀྱིལ2035ལོ་བར།  རྒྱང་རིང་འཕེལ་རྒྱས་དུས་ཡུན་དུས་རབས་འདིའི་དུས་དཀྱིལ་བར་བཅས་ཡིན་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།