ད་ལོའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ཤུགས་སྣོན་བྱེད་དགོས་པའི་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་འཐེན་ཞིང་འཕེལ་རྒྱས་གསར་པའི་ལམ་བུ་འཚོལ་སྙེག་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཀྱི་རིན་ཐང་དང་རང་བྱུང་ལྗོངས་ཁུལ་འགྲེམ་སྟོན་གྱི་རིན་ཐང་། མི་རིགས་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་བཅས་སྔོག་འདོན་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་བསྐྲུན་པར་ཕྱོགས་ཡོངས་ནས་རྨང་གཞི་བཏིངས།
འཛམ་གླིང་གི་ཡང་རྩེ་རུ་ཆགས་པའི་ས་རྒྱུས་ཁོར་ཡུག་ཡོད་པའི་མཚོ་ནུབ་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་འགུག་ཤུགས་ཆེན་པོ་ལྡན་པ་དང་། ཁུལ་ཡོངས་ཀྱི་ས་ཆ་སོ་སོའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལ་ཁྱད་ཆོས་མི་འདྲ་བ་མང་པོ་ལྡན་པས། མཚོ་ནུབ་ཁུལ་གྱིས་ཡུལ་སྐོར་རིག་གནས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས་ཤིང་། ཕྱོགས་ཡོངས་ནས་རང་བྱུང་ལྗོངས་ཁུལ་དང་མི་ཆོས་རིག་གནས་མཉམ་འདྲེས་ལ་ཤུགས་བསྣན་པས། ཡུལ་སྲོལ་ལྗོངས་ཁུལ་དང་སྐྱེ་ཁམས་ཡུལ་སྐོར་གཉིས་གཞི་གཅིག་ཏུ་འདྲིས་པའི་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མང་པོ་བསྐྲུན།
གཏེར་ལེན་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རིག་གནས་མཚོན་རྟགས་དང་མི་རིགས་ཀྱི་ལུས་རྩལ་འགྲན་སྡུར་དང་རྒྱལ་ནང་གི་ལུས་རྩལ་འགྲན་ཚོགས་ཆེ་འབྲིང་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ཕྱོགས་བསྡུས་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་པ་དང་། ན་གོར་མོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ལྟེ་བར་བཟུང་ནས་ཁུ་ནུ་རི་བོ་དང་། ཚྭ་མཚོ། ཧུའུ་ཡང་ནགས་ར། དམག་སྤྱི་ཐོག་ཁང་སྤྱི་གླིང་སོགས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་བྱས་ཏེ།ཁུ་ནུ་རི་བོ་གཙོ་ཡིན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཞེངས་སྐྲུན་བྱེད་པར་ཤུགས་སྣོན་བྱས། མང་ཨའེ་གྲོང་ཁྱེར་གྱིས་ས་དམར་ས་གཤིས་ལྗོངས་ཁུལ་དང་ཚྭ་མཚོ། རྡོ་སྣུམ་རྗེས་ཤུལ། གནམ་དཔྱད་རིག་པ་སོགས་ཀྱི་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ། གནམ་དཔྱད་ཚན་རིག་ཁྱབ་གདལ་དུ་གཏོང་བ་གཙོ་ཡིན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ཤུགས་སྣོན་བྱས། ཏུའུ་ལེན་རྫོང་གིས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དང་སྐྱེ་ཁམས་ཡུལ་སྐོར་ཁམས་གསེང་ས་ཚིགས་འཛུགས་སྐྲུན་བྱས་ཏེ། ལོ་རྒྱུས་རིག་གནས་དང་རི་སྐྱེས་སྲོག་ཆགས་ལ་ལྟ་སྐོར་བྱེད་པ་གཙོ་ཡིན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ཤུགས་སྣོན་བྱས། ཨོ་ལན་རྫོང་གིས་ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་གཞི་གཅིག་ཅན་བཞེངས་སྐྲུན་བྱེད་པ་གཙོ་རུ་བཟུང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ཤུགས་སྣོན་བྱས། ཐེམ་ཆེན་རྫོང་གིས་ས་མཐོའི་ཉམས་ལེན་མྱོང་རོལ་ས་ཚིགས་དང་བོད་ཀྱི་རིག་གནས་མྱོང་རོལ་ས་ཚིགས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་བཅས་གཙོ་ཡིན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ཤུགས་སྣོན་བྱས། ཚྭ་འདམ་ཆེ་བས་ས་དམར་ས་གཤིས་དང་ཚྭ་མཚོ། ཁམས་གསོ་སོགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་རྒྱ་བསྐྱེད་དེ། རྒྱལ་སྤྱིའི་ས་དམར་ས་གཤིས་སྤྱི་གླིང་བཞེངས་སྐྲུན་བྱེད་པ་གཙོ་ཡིན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ཤུགས་སྣོན་བྱས།
དུས་མཚུངས་སུ། མཚོ་ནུབ་ཁུལ་གྱིས་ཁུ་ནུ་རིག་གནས་དང་མི་རིགས་རིག་གནས། ལོ་རྒྱུས་རིག་གནས་སོགས་ཀྱི་ནང་དོན་གཏིང་ཟབ་ཏུ་སྔོག་འདོན་བྱས་ནས། སྐྱེ་ཁམས་ལྟ་སྐོར་དང་ཡུལ་སྐོར་ཞིབ་འཇུག ཁམས་གསོ་ཁམས་གསེང་སོགས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་དང་འགུལ་སྐྱོད་རྩད་ཞིབ། སྤྲོ་གསེང་ལུས་གསོ། སྐྱེ་ཁམས་ཞིབ་འཇུག་སོགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཀྱི་འཆར་འགོད་སྤུས་ཀ་མཐོ་རུ་བཏང་སྟེ། ཚྭ་འདམ་གྱི་སྤུས་དག་ཡུལ་སྐོར་ལམ་ཐིག་དང་གསར་བརྗེའི་ཡུལ་སྐོར་ཁོར་ཡུག་སོགས་སྤུས་དག་རིག་གནས་ཡུལ་སྐོར་ལམ་ཐིག་བསྐྲུན་ནས། ཚྭ་ཁ་ཚྭ་མཚོ་དང་ཁུ་ནུ་རི་བོ། ལིན་ཧུའུ་གནམ་དཔྱད་ཚན་རིག་སོགས་འཛམ་གླིང་ཀུན་ལ་ཤུགས་རྐྱེན་ཐེབས་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གསོ་སྤེལ་བྱས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་འདེགས་སྐྱོར་ལེགས་པོ་འདོན་སྤྲོད་བྱས།
མིག་སྔའི་བར་དུ། མཚོ་ནུབ་ཁུལ་ཡོངས་སུ་རྒྱལ་ཁབ་ཀྱིAརིམ་པའི་ལྗོངས་ཁུལ15ཡོད་ལ། རིམ་བསགས་ཀྱིས་བརྩིས་ན། ཡུལ་སྐོར་པ་མི་ཐེངས་བྱེ་བ་གཅིག་དང་ཁྲི་གཅིག་ལྔ་སྟོང་སུམ་བརྒྱ་ལྷག་སྣེ་ལེན་བྱས་པ་དེ་དུས་མཉམ་ལས63.23%འཕར་སྣོན་བྱུང་ཡོད་ལ། ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར53.8སྐྲུན་པ་དེ་དུས་མཉམ་ལས8.2%འཕར་སྣོན་བྱུང་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།