སྐྱེ་ཁམས་རྨང་གཞི་ཡིན་པའི་མགོ་ལོག་རྩྭ་ཐང་།
2021.10.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་ལག་སུམ་ཅུ་སོ་དྲུག་གིས་ཀྱག་ཀྱོག་གི་ལམ་ཕྲེང་དེད་དེ་སྤྱི་ལེ་སྟོང་གསུམ་དང་སུམ་བརྒྱའི་ལམ་ཐག་ལ་ཆལ་ཆིལ་གྱིས་བཞུར་བཞིན་ཡོད་པ་དང་། རྨིད་གྲུ་བཞི་མ་ཁྲི་བདུན་དང་སྟོང་དྲུག་ལྷག་གི་ས་གཞིའི་སྟེང་དུ་སྔོ་ལྗང་རི་རྒྱུད་མུ་འབྲེལ་ཏེ་ཡིད་དུ་འོང་བའི་ལྗང་མདོག་སྐྱེ་ཁམས་ཀྱི་རྣམ་པ་ཞིག་གྲུབ་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་། “དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར”ཁག་ཐེག་བྱེད་པ་དེ་གཡོལ་ཐབས་མེད་པའི་དུས་རབས་ཀྱི་ལས་འགན་ལྗིད་མོ་ཞིག་ཏུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ངེས་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་དེ་དམིགས་འབེན་བྱས་ནས་ཆུ་ཚད་མཐོན་པོའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་དགོས། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་སྒོས་བཙུགས་ཏེ། རང་ཞིང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

ད་ལྟ། གནས་འདིའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། མཉམ་འདྲེས་མཉམ་འཚོ་ཡི་གསོན་ཉམས་ལྡན་པའི་རི་མོ་རེ་རེ་ཡིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་ཐོག་མཐའ་བར་གསུམ་དུ་གནས་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བ་དེ་གང་སར་མཐོང་རྒྱུ་ཡོད་པ་རེད། “འཕེལ་རྒྱས་ཀྱི་ཁྲོད་དུ་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་གཏོང་”བའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་མགོ་ལོག་རྩྭ་ཐང་དུ་རྩ་བ་ཚུགས་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ་གངས་ལུང་སྡེ་བས་ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ། ཕྱུགས་ཁྱུ་བགོས་ནས་འཚོ་བ། འོས་འཚམ་གྱིས་ལས་བགོས་བྱས་པས། རྩྭ་ཐང་བྱེ་འགྱུར་ལ་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ་བྱེད་པར་ནུས་པ་ཧ་ཅང་གལ་ཆེན་ཐོན་པ་དང་། ངལ་རྩོལ་ནུས་ཤུགས་ཡང་སྤོ་བསྒྱུར་བྱེད་ཐུབ་པ་བྱུང་།

དགའ་བདེ་རྫོང་མཁར་གྱི་ཚོང་ལས་སྲང་ལམ་དུ་རྨ་གཡང་སྒྲོལ་མས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཉོ་ཚོང་ཚོང་ཁང་ཞིག་ཕྱེས་ཡོད་པ་དང་། ཁོ་མོས་འདི་ནི་ང་ཚོས་མཉམ་ལས་ཁང་དུ་ཐོན་སྐྱེད་བྱས་པའི་འབྲི་ཞོ་ཡིན་པ་དང་། ད་དུང་འོ་མའི་ཆང་ཡང་བསྙལ་ཡོད། འདི་ནི་ང་ཚོས་མིག་སྔར་ཕྱིར་འཚོང་བྱེད་བཞིན་པའི་ཐོན་རྫས་གཙོ་བོ་ཡིན་ལ། བཙོག་སྐྱོན་ཐེབས་མེད་པའི་ཁར་ཁ་ལ་ཟས་ན་ཧ་ཅང་ཞིམ་ཞེས་བཤད།

2011ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་པ་དང་། ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་དང་། རྩྭ་ཕྱུགས་དོ་མཉམ་བྱ་དགའ། སྤུས་ལེགས་གཟན་རྩྭའི་ཁ་གསབ། ཐོན་སྐྱེད་རང་བཞིན་གྱི་ཕྱོགས་བསྡུས་ཁ་གསབ། རྒྱུད་བཟང་ཕྱུགས་ཟོག་གི་ཁ་གསབ་སོགས་ནང་དོན་ཡིན་པའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་སྲོལ་སོགས་དངོས་འབེབ་བྱས་ཏེ། ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་ལག་བསྟར་བྱས་ནས་ས་ཁོངས་ནང་གི་རྩྭ་ཕྱུགས་ཕན་ཚུན་དོ་མཉམ་ཡོང་བར་བྱས།

ལོ་དེ་ནས་བཟུང་། རྨ་གཡང་སྒྲོལ་མ་རྩྭ་ཆུ་བསྙེགས་ནས་གནས་སྤོར་བྱེད་པའི་འཚོ་བ་དང་ཁ་བྲལ་བ་དང་། འབྲོག་པ་ནས་མི་སྒེར་གྱི་ལས་གཉེར་བྱེད་མཁན་ཁྱིམ་ཚང་ཞིག་ཏུ་གྱུར། དེའི་སྔོན་གྱི་རྨ་གཡང་སྒྲོལ་མའི་འཚོ་བ་ནི་མི་དང་རྩྭ། ཕྱུགས་གསུམ་གྱི་འགལ་བ་འབུར་ཐོན་ཡིན་པའི་གནས་ཤིག་ཏུ་གྱུར་ཡོད་ལ། ཡོང་སྒོ་འཕར་སྣོན་གཏོང་རྒྱུ་དེ་ནི་དཀའ་ངལ་ཤིན་ཏུ་ཆེ་བ་ཞིག་རེད། སྔོན་ཆད་སྒོར་མོ་མང་པོ་བཙལ་འདོད་ན་ཕྱུགས་མང་པོ་གསོ་དགོས་པ་དང་། རྩྭ་ས་དེ་འདྲའི་རྒྱ་ཆེན་པོ་མེད་པ་རེད། སྐབས་དེའི་རྨ་གཡང་སྒྲོལ་མས་མཐོང་བ་ནི་རྩྭ་ཐང་དུ་ནོར་ལུག་མང་པོ་ཡོད་ལ། རྩྭ་ཐང་གིས་ཐེག་མ་ནུས་པར་ཉམས་ཞན་དུ་འགྲོ་མགོ་ཚུགས་པ་དེ་རེད། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི་འགལ་ཟླ་ཞི་འཇགས་སུ་གཏོང་བའི་གནད་ཅིག་ཡིན་པ་དང་། དེ་ལས་ཐོན་ལས་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་པ་མ་ཟད། ད་དུང་ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་མངོན་འགྱུར་བྱུང་ནས་ས་དེའི་སྐྱེ་ཁམས་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་། དགའ་བདེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་རྡོ་རྗེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ་བཅུའི་རིང་ལ་སྐྱེ་ཁམས་དང་འབྲོག་པའི་ཡོང་སྒོ་གཉིས་ཀའི་ཐད་ནས་རྒྱལ་ཁ་བླངས་ཡོད། ས་ཆུ་ཤོར་བ་དང་ས་རྒྱུ་བྱེ་འགྱུར་ལ་མངོན་གསལ་གྱིས་ཚོད་འཛིན་བྱས་ནས་རང་བྱུང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ཞན་དུ་འགྱུར་བའི་རྣམ་པ་བཀག་འགོག་དང་ཞི་འཇགས་སུ་བཏང་བ་དང་། འབྲོག་པས་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་གཞི་བཅོལ་ནས་ཡོང་སྒོ་ཡང་དེ་སྔོན་གྱི་སྒོར་མོ་སྟོང་གཅིག་ལྷག་ནས་སྒོར་མོ་སྟོང་དགུ་ལྷག་ལ་འཕར་སྣོན་བྱུང་།

གངས་ལུང་སྡེ་བ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་རང་བཞིན་ལྡན་པའི་ས་གནས་ཤིག་ཡིན་པ་དང་། སྡོམ་རྩིས་བྱས་པ་ལྟར་ན། 2003ལོ་ནས2017ལོའི་བར་དུ། མགོ་ལོག་ཁུལ་གྱི་ཡུལ་ཚོ་ཞེ་བཞིའི་སྡེ་བ་བརྒྱ་དང་གྱ་ལྔ་ནས་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ལས་གཞི་དེ་ནི་ཁྱིམ་ཚང་ཁྲི་གསུམ་དང་སྟོང་གསུམ་ལྷག་དང་འབྲེལ་ཡོད་པ་དང་། ས་སྤྱི་ཆིངས་སུམ་བརྒྱ་དང་ལྔ་བཅུའི་སྟེང་དུ་ཕྱུགས་འཚོ་མཚམས་འཇོག་པའི་ལས་འགན་ཡོངས་འགྲུབ་བྱས་ཤིང་། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིངས་ཁྲི་བརྒྱད་ལྷག་གི་སྟེང་གསབ་འདེབས་བྱས་ལ། ས་ནག་ཐང་བཅོས་སྐྱོང་དང་། མིའི་ཐབས་ཀྱི་གཟན་རྩྭ་བཏབ་ཚད་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གཉིས་ལྷག་ལ་སླེབས།

དེ་ལས་གཞན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་རྩྭ་སའི་སྐྱེ་ཁམས་ཀྱི་ཉིན་རྒྱུན་ལྟ་སྲུང་བྱ་བར་ཤུགས་བསྣན་ནས་རྩྭ་ཐང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལ་ཁག་ཐེག་བྱས་པ་དང་། འབྲོག་པའི་ཡོང་སྒོ་འཕར་སྣོན་གཏོང་བར་སྐུལ་འདེད་དང་།  འགྲིམ་འགྲུལ་དང་། འབྲོག་ཁྱིམ། མི་གྲངས། ཕྱུགས་ཟོག་གི་རྒྱུ་རྐྱེན་སོགས་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་བ་བརྒྱུད་དེ། རྩྭ་ས་མུའུ་ཁྲི་ལྔའི་སྟེང་དུ་དོ་དམ་ལྟ་སྲུང་བ་གཅིག་རེ་བཀོད་སྒྲིག་བྱེད་པ་དེ་རྩྭ་ས་མུའུ་ཁྲི་གསུམ་གྱི་སྟེང་དུ་དོ་དམ་ལྟ་སྲུང་བ་གཅིག་རེ་བཀོད་སྒྲིག་བྱེད་པར་སྙོམས་སྒྲིག་བྱས། ད་ལྟ། འབྲོག་པ་སྟོང་དྲུག་ལྷག་གིས“སྐྱེ་ཁམས་ཀྱི་དཀར་ཡོལ”ལག་ཏུ་ཐོགས་ནས“ལྷད་མ་འདྲེས་པའི་ཟས”ཟ་ཐུབ་པ་བྱུང་།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་ས་སྤྱི་ཆིངས་ས་ཡ་དྲུག་དང་འབུམ་གཉིས་ལྷག་ཡོད་པ་དང་། དེའི་ཁྲོད་ས་ནག་ཐང་དང་ཕྱི་ཤུན་ས་ནག་ཡིན་པའི་རྒྱ་ཁྱོན་གྱིས་སྤྱི་ཆིངས་ས་ཡ་གཉིས་དང་འབུམ་བཞི་ལྷག་ཟིན་ཡོད་ལ། དེ་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་གྱི་སུམ་ཆའི་གཅིག་ལས་བརྒལ་ཡོད་ཅིང་། རྩྭ་ས་སླར་གསོ་དང་བཅོས་སྐྱོང་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།  རྩྭ་ས་ནི་པགས་ནད་གླང་ཤུ་བྱུང་བ་དང་འདྲ་བར་ས་ནག་ཐང་དེ་ཆུང་ཆུང་ནས་ཆེན་པོར་གྱུར་ཏེ་རིམ་བཞིན་རྒྱ་མཆེད་དུ་སོང་། རྡོ་རྗེ་ཚེ་རིང་ནི་དར་ལག་རྫོང་གི་འབྲོག་པ་ཞིག་ཡིན་པ་དང་། 2006ལོའི་སྔོན་ལ་ཁོ་རང་རྟར་ཞོན་ནས་རང་ཁྱིམ་གྱི་ནོར་གནག་ཉིས་བརྒྱ་འཚོ་སྐྱོང་བྱས་མྱོང་། ས་ནག་ཐང་གི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་པའི་དབང་གིས་ལོ་བཅོ་ལྔའི་རྗེས་ཀྱི་དེ་རིང་། རྡོ་རྗེ་ཚེ་རིང་འབྲོག་ལས་འཚོ་བ་དང་ཁ་མི་འབྲལ་ཐབས་མེད་བྱུང་ཏེ། ཁོས་དར་ལག་རྫོང་མཁར་ནས་ཞོར་ལས་གཉེར་མྱོང་ལ་སྐྱེལ་འདྲེན་ཀྱང་བྱས་མྱོང་། ཁོས་བཤད་པ་ལྟར་ན། ས་ནག་ཐང་གིས་ཁོ་རང་རྩྭ་ཐང་ནས་ཕྱིར་འབུད་དུ་བཅུག་པ་དང་། འབྲོག་པའི་འཚོ་བ་ནས་སྒོར་མོ་བཙལ་ཐུབ་ན་ལས་ཀ་ཅི་ཡང་ལས་མཁན་ཞིག་ཏུ་འགྱུར་རུ་བཅུག་ཟེར།

ས་ནག་ཐང་མུ་མཐུད་དུ་རྒྱ་ཁྱབ་དུ་སོང་བ་དང་། རྩྭ་སའི་ཐོན་སྐྱེད་དང་སྐྱེ་ཁམས་བྱེད་ནུས་མེད་པར་གྱུར། ས་ནག་ཐང་གི་གནོད་པའི་ཐད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་བྱ་བའི་ས་ཚིགས་ཀྱི་མགོ་གཙོ་ཧི་ཡུག་ལུང་ལ་མྱོང་ཚོར་ཟབ་མོ་ཡོད། 2005ལོ་ནས་བཟུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་མགོ་བརྩམས་རྗེས། ས་ནག་ཐང་གི་བཅོས་སྐྱོང་བྱ་བ་རིམ་བཞིན་སྤེལ་བ་དང་། ལོ་བཅོ་ལྔའི་རིང་ལ། བཅོས་སྐྱོང་བྱ་བ་དེ་འཚོལ་ཞིབ་ནས་ཉམས་མྱོང་ཅན་ཞིག་ཏུ་གྱུར་བ་དང་། ས་ནག་ཐང་རྒྱ་ཁྱབ་དུ་འགྲོ་བ་དེར་བཀག་འགོག་བྱེད་ཐུབ་པ་བྱུང་། ད་ལྟའི་བར་དུ། ས་ནག་ཐང་བཅོས་སྐྱོང་བྱེད་པ་དེ“ཐབས་ཇུས་ཐོག་གི་འགོག་སྲུང་”ནས“ཐབས་ཇུས་ཐོག་གི་རྒོལ་ལན”རུ་བསྒྱུར་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་ཀྱི་འཆར་གཞིའི་ནང་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཆིངས་འབུམ་གཅིག་དང་ཁྲི་དྲུག་སྟེང་གི་ས་ནག་ཐང་དང་ས་ནག་ཕྱི་ཤུན་མེད་པར་བཟོས་ཏེ། ཕྱི་ཤུན་གྱི་ཁེབས་ཚད་བརྒྱ་ཆའི་རེ་ལྔའི་ཡན་ལ་བསླེབ་པར་བྱེད་རྒྱུ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དགུ་ལེགས་བཅོས་བྱ་རྒྱུ་ཡིན་ལ། སྤང་ཤུན་གྱི་ཁེབས་ཚད་བརྒྱ་ཆའི་གྱ་ལྔ་ཡན་ལ་བསླེབ་པར་བྱ་རྒྱུ་རེད།

རྨ་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ཁུལ་དུ་ཡོད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ལོ་སྤྱིའི་བཞུར་ཚད་ཀྱི་བརྒྱ་ཆའི་ཞེ་གསུམ་གནས་འདི་ནས་གཅིག་འདུས་བྱས་ནས་གྲུབ་བཞིན་ཡོད།

2003ལོའི་སྔོན་ལ། སྔར་ལས་མང་པོའི་དཔལ་འབྱོར་ཡོང་སྒོ་བཙལ་ཐུབ་པ་བྱ་ཆེད། འབྲོག་པ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་རང་ཁྱིམ་གྱི་ནོར་ཁྱུ་ཇེ་མང་དུ་བཏང་བ་དང་། ཕྱུགས་ཟོག་གི་ཁ་གྲངས་མྱུར་མོར་འཕར་ཏེ། རྩྭ་ཕྱུགས་དོ་མཉམ་མིན་པའི་རྣམ་པ་དེ་གཏོར་བ་དང་། དུས་ཚོད་ཐུང་ངུའི་ནང་དུ། རྩྭ་ས་ཉམས་ཞན་དུ་གྱུར་བ་དང་། མཚེའུ་སྐམ་མགོ་ཚུགས། འབྲོག་པ་བསོད་དབང་གིས་ཕྱིར་དྲན་བྱས་པ་ལྟར་ན། བྱེ་འགྱུར་ཚབས་ཆེན་ཡིན་པའི་དུས་སྐབས་སུ་རླུང་ཆེན་པོ་གཡུག་ན་བྱེ་རྡུལ་གྱིས་ནམ་མཁའ་ཁེངས་འགྲོ་བ་དང་། ཝ་གཞོང་མཚོ་ཡང་བྱེ་རྡུལ་གྱིས་བཏུམ་འགྲོ་ཟེར།

2005ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་སྐབས་དང་པོའི་བཟོ་སྐྲུན་འཛུགས་སྐྲུན་གྱི་མགོ་བརྩམས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྔར་ལས་མགྱོགས་པོའི་སྒོ་ནས་སླར་གསོ་ཡོང་ཆེད། ས་དེའི་མང་ཚོགས་རྣམས་མཁར་གྲོང་དུ་གནས་སྤར་བ་དང་། བཟང་བོ་ནི་ཆེས་སྔ་མོར་མཁར་གྲོང་དུ་གནས་སྤར་བའི་འབྲོག་པ་ཞིག་ཡིན། འབྲོག་པ་རྣམས་གནས་སྤར་བའི་དུས་མཚུངས་སུ། ཕྱུགས་བསྐྱུར་རྩྭ་འདེབས་དང་། རྩྭ་སར་བརྟེན་ནས་ཕྱུགས་གྲངས་གཏན་འཁེལ་བྱེད་པ། བྱེ་འགྱུར་བཅོས་སྐྱོང་། ཨ་བྲ་མེད་པར་གཏོང་བའི་བཟོ་སྐྲུན་སོགས་ཁོར་ཡུག་བཅོས་སྐྱོང་བཟོ་སྐྲུན་ཡང་དུས་མཉམ་དུ་སྤེལ་བཞིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དེ་རྨ་སྟོད་རྫོང་ནས་ལོ་ངོ་བཅུ་དྲུག་གི་རིང་ལ་ལག་བསྟར་བྱས་པ་དང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ཀྱི་རྒྱ་ཁྱོན་དེ2017ལོ་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ་དོན་བཞི་དང་གྲངས་ཆུང་དྲུག་དང་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་བཅུ་བདུན་གྲངས་ཆུང་བཞི་འཕར་བ་དང་། བརླན་སའི་རྒྱ་ཁྱོན་ཡང་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་བཞི་འཕར་སྣོན་བྱུང་ཞིང་། མཚེའུ་ཡི་གྲངས་ཀ་དེ་སྔོན་ཆད་ཀྱི་སྟོང་བཞི་དང་བདུན་ཅུ་དོན་བདུན་ནས་ད་ལྟ་སྟོང་ལྔ་དང་བརྒྱད་བརྒྱ་ཞེ་དགུ་རུ་འཕར་སྣོན་བྱུང་།

པད་མ་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དཀྱིལ་སྙིང་ཁུལ་དུ་ཡོད་པ་དང་། དེ་རུ་སྲིད་འཛིན་སྡེ་བ་སོ་གཉིས་ཡོད་པ་དང་། ས་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་དྲུག་དང་བརྒྱ་དང་སོ་བརྒྱད་ཡོད་ལ། རྩྭ་སའི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་གཉིས་ལྷག་ཟིན་ཞིང་། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིངས་བཅུ་བཞི་གྲངས་ཆུང་བདུན་ལྷག་ལ་སླེབས་པས། ས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཉེར་གསུམ་ཟིན་པ་དང་། བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་ས་ཁོངས་དེ་སྐྱེ་ཁམས་དམར་ཐིག་གི་ཁྱབ་ཁོངས་སུ་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་དེ་ཧ་ཅང་གལ་ཆེན་ཡིན་པ་རེད། པད་མ་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བང་ཡུང་ཧྲིག་གིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་ཡིན་པ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་དོག་པའི་དངོས་ཡོད་གནས་ཚུལ་ལ་ཁ་གཏད་དེ། པད་མ་རྫོང་དུ་ལྗང་མདོག་དང་། དཔལ་འབྱོར་ལ་བརྟེན་ན། ད་གཟོད་སྐྱེ་ཁམས་ཁོར་ཡུག་མཛེས་པ་དང་། མང་ཚོགས་ཀྱི་འཚོ་བ་ཡག་པོ་ཡོང་བ་མངོན་འགྱུར་བྱེད་ཐུབ། ཟླ་ལྔ་བའི་ཟླ་དཀྱིལ་ལ། པད་མ་རྫོང་གི་ག་ས་གང་དུ་ཇ་གསར་བའི་དྲི་ཞིམ་འཐུལ་བཞིན་ཡོད་པ་དང་། ཇ་འཐུ་བ་དང་། ཇ་བཟོ་བའི་དུས་སྐབས་བཟང་པོ་ཞིག་ཡིན་པ་རེད། པད་མའི་བོད་ཇའི་ཐོན་ལས་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མགོར་དར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལྷད་མེད་དཔལ་འབྱོར་གྱི་མིང་བྱང་ཞིག་ཏུ་འཕེལ་རྒྱས་སུ་སོང་ཡོད་པ་རེད།

2014ལོར། བོད་ཇ་དེ་པད་མ་རྫོང་དུ་ཐོན་ལས་ཅན་གྱི་ཚོད་ལྟའི་ཚུལ་དུ་འདེབས་མགོ་ཚུགས་པ་དང་། མཁོ་འཕེལ་སྡེ་བའི་སྐལ་བཟང་སྐྱིད་ཀྱིས་ཇ་སྡོང་རྐང་གཅིག་བཏབ་ན་སྲིད་གཞུང་ནོར་སྲིད་ཀྱིས་སྒོར་མོ་གཉིས་ཀྱིས་ཁ་གསབ་བྱེད་པའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། རང་ཁྱིམ་ཚང་གི་ཁང་བའི་རྗེས་ཀྱི་སྤྱི་ཆིངས་གཅིག་ལྷག་གི་ས་རྒོད་སྟེང་དུ་བོད་ཇ་བཏབས།

ལོ་ངོ་བདུན་གྱི་རིང་ལ། ལག་པའི་མཛུབ་གུའི་ཆེ་ཆུང་ཅན་གྱི་ཇ་སྡོང་རྣམས་ད་ལྟ་དཔུང་བའི་སྦོམ་ཕྲ་ལྟ་བུར་གྱུར་ཡོད་པས། ས་རྒོད་དེ་ནགས་ཚལ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ད་དུང་ལོ་རེར་ཇ་ལོ་བཙོངས་ནས་སྒོར་མོ་ཁྲི་བཞི་ལྔའི་ཡོང་སྒོ་བཙལ་བཞིན་ཡོད་ཅེས་སྐལ་བཟང་སྐྱིད་ཀྱིས་ལྷད་མེད་དཔལ་འབྱོར་གྱི་ཁེ་ཕན་ཉམས་སུ་མྱོང་ཐུབ་པ་བྱུང་།

2014ལོ་ནས2019ལོའི་བར་པད་མ་རྫོང་ནས་སྤྱི་ཆིངས་སྟོང་གཅིག་དང་ཉིས་བརྒྱ་སོ་གསུམ་གྱི་སྟེང་དུ་བོད་ཇ་འདེབས་འཛུགས་བྱས། འདིས་ས་རྒོད་མང་པོ་ལོ་ལྔའི་རིང་ལ་ནགས་ཚལ་དུ་གྱུར་བ་དང་། སྐྱེ་ཁམས་ཀྱི“ཁུར་བོ”དེ“དངུལ་ཁུག”ལྟ་བུ་ཞིག་ཏུ་གྱུར་བ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དགུ་སྟོད་སྡེ་བའི་དགུ་སྟོད་རྩྭ་ཐང་དུ་ཉིས་སྟོང་བཅུ་གཉིས་ལོར་རྩྭ་ཕྱུགས་གཉིས་ཀྱི་འགལ་ཟླ་ཉིན་རེར་ཉམས་ཞན་དུ་གྱུར་བའི་གནས་བབ་ལ་ཁ་གཏད་དེ། དགུ་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་སྟོབས་ལྡན་གྱིས་མང་ཚོགས་སྐུལ་སློང་བྱས་ནས་མཐོ་སྒང་གི་གྲང་ངར་བཟོད་ཐུབ་པའི་ཡུག་པོ་འདེབས་འཛུགས་བྱས། སྟོབས་ལྡན་གྱིས་ང་ཚོས་ལོ་དགུའི་རིང་ལ་ཡུག་པོ་བཏབ་པ་དང་། རྒྱ་ཁྱོན་དེ་སྔོན་གྱི་སྤྱི་ཆིངས་བཅུ་ལྷག་ནས་ད་ལྟའི་སྤྱི་ཆིངས་ཉིས་བརྒྱ་ལྷག་ལ་འཕར་ཡོད་པ་རེད་ཟེར། སྟོབས་ལྡན་གྱིས་བསམ་ཡུལ་ལས་འདས་པ་ཞིག་ལ་རྩྭ་ལ་བརྟེན་ནས་སྡེ་བ་ཧྲིལ་བོའི་རྩྭ་ཕྱུགས་གནད་དོན་ཐག་གཅོད་འདོད་པའི་ཐོག་མའི་སེམས་འདུན་དེ་ལོ་ངོ་དགུའི་རིང་གི་འཕེལ་རྒྱས་བརྒྱུད་དེ“སྐྱེ་ཁམས་སླར་གསོ་དང་། དཔལ་འབྱོར་འཕེལ་རྒྱས”ཀྱི་ལྷད་མེད་ཐོན་ལས་སུ་གྱུར། དགུ་སྟོད་སྡེ་བས་ལོ་ངོ་ཉི་ཤུ་ལྷག་ལ་རྒྱུན་མཐུད་ཡོང་བའི་རྩྭ་ས་ཉམས་ཞན་གྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། འབྲོག་པ་མང་ཚོགས་ལ་སྒོར་མོ་འབུམ་བདུན་ཙམ་གྱི་ཡོང་སྒོ་སྐྲུན།

རྩྭ་བཏབ་པ་ལས་སྡེ་བ་ཕྱུག་པོར་གྱུར་རྗེས། སྟོབས་ལྡན་གྱིས་ཡང་སྣེ་ཁྲིད་དེ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་བཏང་བ་དང་། ལུག་སྟོང་གཅིག་ཡན་གསོ་སྤེལ་བྱེད་སའི་རྟེན་གཞི་ཞིག་བཙུགས་ཏེ། རྩྭ་ས་མ་རྐང་དུ་འཇོག་པའི་རྣམ་པས་འབྲོག་པར་ཡོང་སྒོ་བགོས་པ་དང་། རྩྭ་འདེབས་པའི་རྨང་གཞིའི་སྟེང་ད་དུང་སྐྱེ་ཁམས་ཕྱུགས་ལས་ཀྱི “དཔག་བསམ་ལྗོན་བཟང་”ཞིག་ཀྱང་རྙེད། འབྲོག་པ་བསོད་སྙན་གྱིས་ལྷད་མེད་དཔལ་འབྱོར་གྱི་སྣེ་ཁྲིད་འོག་ལོ་རེར་སྒོར་མོ་ཁྲི་བཞིའི་ཡོང་སྒོ་ལེན་བཞིན་ཡོད་པ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།