རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཚོན་བཏོད་ཡོད།
2021.10.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཚོ་སྔོན་དུ་རླབས་ཆེན་ལག་ལེན་བྱས་པ་ཞིག་རེད། སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་ནས་ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་སྟེ། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་ཉར་བ་དང་འབྱུང་རྩའི་འགན་འཁྲི་ལག་བསྟར་བྱེད་པ།   ཐོག་མའི་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་རབ་དང་རིམ་པ་རྩ་འཛུགས་ལག་བསྟར་བྱས་ནས། རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གསར་སྐྲུན་གྱི་ལམ་བུ་འཚོལ་ཞིབ་བྱས་ནས་བཏོད་ཡོད།

སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་བསྒྱུར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་སྒྲིག་སྲོལ་ཚོད་ལྟའི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཡིན་ལ།     དེའི་ཁྱབ་རྒྱ་ཆེ་ཞིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པར་བརྟེན་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཡངས་ཤིང་རྒྱ་ཆེ་བའི་སྐྱེ་ཁམས་སྲུང་སྐྱོབ་ས་ཁོངས་སུ་སྐྱེ་ཁམས་སྲུང་སྐྱོབ་དང་དོ་དམ་སྒྲིག་སྲོལ་ལག་བསྟར་ བྱེད་པ་ཐོག་མ་ཡིན་པ་རེད།  ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། འགག་རྩ་དམ་འཛིན་དང་། དཀའ་གནད་འཚོལ་བ། བཀག་འགོག་སེལ་བ། ཁེ་ཕན་གྱི་བཀག་རྒྱ་གཏོར་བ་བཅས་བྱས་ཏེ། སྒྲིག་སྲོལ་ཚོད་ལྟའི་སྟེགས་བུ་གསར་སྐྲུན་བྱས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་དང་། ཁུལ། རྫོང་། ཡུལ་ཚོ། སྡེ་བ་བཅས་ལ་ཡོངས་སུ་ཁེབས་པའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ།  སྡེ་ཁག་མང་པོས་བཅོས་སྐྱོང་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་གཞི་རྩའི་ཆ་ནས་ཐག་བཅད། སྲིད་འཛིན་དོ་དམ་མ་ལག་བཙུགས་ཏེ།  རྫོང4ཡི་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱས་པ་དང་། ནགས་ལས་དང་། རྒྱལ་ཁབ་ས་ཁོངས།  ཁོར་ཡུག་སྲུང་སྐྱོབ་སོགས་སྡེ་ཁག་གི་འགན་འཁྲི་ཧྲིལ་བསྡུས་བྱས་པར་མ་ཟད། གླིང་ཁུལ་གསུམ་དུ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་བཙུགས་ཡོད།  སྐྱེ་ཁམས་དོ་དམ་ས་ཚིགས་བཙུགས་ནས།  ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་དུ་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱི་སྒོ་བྱང་ཇེ་མང་དུ་བཏང་བ་དང་། གཅིག་སྡུད་གཅིག་གྱུར་དང་ཕན་འབྲས་མཐོ་བའི་སྲུང་སྐྱོབ་དོ་དམ་དང་ཁྲིམས་འཛིན་རྐྱེན་སྲོལ་ཁྱོན་ཡོངས་ནས་བཙུགས་ཡོད།

གླིང་ཁུལ་ལ་གཏོགས་པའི་རྫོང་བཞི་ཡི་རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་འཛིན་སྒྲིག་གཞི་ཧྲིལ་བསྡུས་བྱས་ཏེ། རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་བཙུགས་ཏེ། ཁྲིམས་ལྟར་སྤྱི་གླིང་དོ་དམ་དང་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་། ཞིན་ཅང་དང་། བོད་ལྗོངས། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་མཉམ་ལས་རྐྱེན་སྲོལ་བཙུགས་ནས་མཐའ་མཚམས་ཀྱི་ཁྲིམས་འཛིན་དཀའ་གནད་ཐག་གཅོད་བྱས།

ད་ལྟ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་བརླན་ས་གལ་ཆེན་སོགས་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་བྱས་ཏེ།  ཁྱོན་ཡོངས་སྲུང་སྐྱོབ་དང་། མ་ལག་ཉམས་གསོ། གཞི་གཅིག་ཅན་གྱི་དོ་དམ་བཅས་བྱེད་ཀྱི་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་དང་། བརླན་ས།  རི་སྐྱེས་སྲོག་ཆགས་སོགས་ཀྱི་གཞི་གདན་ཐོན་ཁུངས་ལ་བརྟག་དཔྱད་བྱས་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་གཞི་གདན་གཞི་གྲངས་སྟེགས་བུ་བཙུགས་པ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་གཞི་གདན་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།  རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བུན་ཆད་རེའུ་མིག་དང་། ཐོན་ཁུངས་རྒྱུ་ནོར་དོ་དམ་དབང་ཆའི་ཞིབ་ཐོ་དང་འགན་འཁྲིའི་གསལ་ཐོ་བཟོས་ཏེ། རང་བྱུང་ཐོན་ཁུངས་གཅིག་གྱུར་གྱི་དབང་ཆ་གཏན་འཁེལ་ཐོ་འགོད་ཀྱི་ཚོད་ལྟ་སྤེལ།   ཨ་ཆེན་གངས་རྒྱབ《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ཁྲོད་ཚུད་པ་དེ་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་དུ་གྱུར་ཡོད།

ཁྱིམ་ཚང་རེར་ལས་གནས་རེ་ཡོད་པ་མངོན་འགྱུར་བྱུང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཁྱིམ་ཚང་རེར་ལས་གནས་རེ་ཡོད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་སྟེ།  སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་དཔང་ཡིག་བཟུང་ནས་ལས་གནས་སུ་ཞུགས་པ་དང་། ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་འཕར་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་ལ། སྔར་ཡོད་ཀྱི་ནགས་ཚལ་དང་བརླན་སའི་སྐྱེ་ཁམས་ལྟ་སྲུང་ལས་གནས་རྐྱང་པའི་རྨང་གཞིའི་ཐོག  གནད་འཁེལ་དབུལ་ཐར་གྱི་རྩ་དོན་ལྟར། སྔོན་ལ་གླིང་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ནས་འགོ་བརྩམས་ཏེ། ཟླ་རེར་གླ་ཕོགས་བྱིན་ནས་འགུལ་རྣམ་དོ་དམ་ལག་བསྟར་བྱས་པ་དང་ཆབས་ཅིག  རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་།  འཁྱགས་རོམ་བཅས་ལ་རྩ་འཛུགས་ཅན་གྱི་དོ་དམ་སྲུང་སྐྱོབ་དང་དྲ་མིག་ཅན་གྱི་སྐོར་ཞིབ་བྱེད་པར་སྐུལ་འདེད་བཏང་སྟེ།  ཡུལ་ཚོ་དང་གྲོང་རྡལ་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་དང་། སྡེ་བ་རིམ་པའི་དོ་དམ་སྲུང་སྐྱོབ་རུ་ཁག དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཁག་བཅས་བཙུགས་པ་དང་།  བར་ཐག་རིང་བའི་གནད་དུ་འཁེལ་བ་དང་དྲ་སྦྲེལ་ཐུབ་པའི་དོ་དམ་སྲུང་སྐྱོབ་མ་ལག་བཙུགས་ཏེ། མིའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་།

འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་ཕྱུག་འགྱུར་གྱི་ནུས་པ་ཆེ་རུ་གཏོང་ཆེད།  སྐྱེ་ཁམས་སྲུང་སྐྱོབ་དང་གནད་འཁེལ་དབུལ་ཐར་ཟུང་འབྲེལ་བྱེད་པ་དང་།  འབྲོག་པ་མང་ཚོགས་ཟབ་ཞུགས་དང་། འབབ་འཕར་ཕྱུག་འགྱུར། ལས་སྒྱུར་ལས་ཞུགས། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ།  འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྩོན་སེམས་སྐུལ་སྤེལ་གང་ལེགས་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས།  ས་དེའི་མཚེའུ་དང་བརླན་སའི་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ་དང་། ལྟ་ཞིབ་ཚད་ལེན་ས་ཁོངས་ནང་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་དང་དེ་བཞིན་རྐྱང་དང་དགོ་བ་སོགས་ཀྱི་གྲངས་ཀའང་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལེགས་པོ་བྱས་ཡོད།

རྨ་ཆུའི་འགོ་ཁུངས་ཀྱི་ཆུའི་བཞུར་ཚད་ཆེ་རུ་ཕྱིན་པ་དེ་ཉེ་བའི་ལོ་ཤས་རིང་གི་ཆར་པ་བབས་པའི་གནམ་གཤིས་དང་འབྲེལ་བ་ཡོད་མོད། འོན་ཀྱང་ས་གནས་འབྲོག་པ་མང་ཚོགས་ཀྱིས་བལྟས་ན།  རྒྱུ་རྐྱེན་གཙོ་བོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་པ་དང་། དེ་མིན་རྨ་ཆུའི་འགོ་ཁུངས་ཀྱི་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ལ་འགྱུར་ལྡོག་བྱུང་བས་རེད།

ད་ལྟ་རྨ་ཆུའི་འགོ་ཁུངས་ཀྱི་འབྲོག་པ་ཚང་མ་སྐྱེ་ཁམས་ལྟ་སྲུང་བ་ཡིན་པས་ཁོ་ཚོས་རང་འགུལ་ངང་ཕྱུགས་རིགས་ཇེ་ཉུང་དུ་བཏང་བ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། སྔོན་ཆད་དང་བསྡུར་ན། བྱེ་འགྱུར་ས་ཆ་དང་ས་ནག་ཐང་གི་རྩྭའི་སྐྱེ་ཚུལ་ལེགས་ཤིང་། ལྟག་ཆུ་བསྐྱིལ་གསོག་གི་ཚད་མཐོ་རུ་ཕྱིན་པ་དང་།  ཆུ་བྱ་དང་རྐྱང་། གཙོད་བཅས་ཇེ་མང་དུ་ཕྱིན་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ཡང་བསྐྱར་སྐྱེ་སྟོབས་ཀྱིས་ཁེངས་ཡོད།

ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁུལ་གྱི་ལྟག་ཆུ་བསྐྱིལ་གསོག་གི་ཚད་ཆ་སྙོམས་ཀྱིས6%ཡན་འཕར་བ་དང་། རྩྭ་སའི་ཁེབས་ཚད11%ཡན་ཟིན་པ། རྩྭའི་ཐོན་ཚད་30%ཡན་དུ་འཕར་བ།   སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་སོང་ནས་རི་དྭགས་གཙོད་དུས་རབས20པའི་ལོ་རབས80པའི་ཁྲི2ཙམ་ནས་ད་ལྟའི་ཁྲི7ལྷག་ཏུ་འཕར་སྣོན་བྱུང་ཡོད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་ཚན་རིག་ཁང་གིས་སྒྲིག་འཛུགས་བྱས་པའི་ཕྱོགས་གསུམ་པའི་ཕྱོགས་བསྡུས་དཔྱད་དཔོག་བྱས་པའི་གནས་ཚུལ་ལ་བལྟས་ན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་རྣམ་པ་བཀག་འགོག་རགས་ཙམ་བྱུང་བ་དང་། གཙོ་གནད་སྐྱེ་ཁམས་འཛུགས་སྐྲུན་བཟོ་འགོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།  སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་ཉིན་བཞིན་ཆེ་རུ་ཕྱིན་པ།  སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་བཙུགས་པ་དེ་ལས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་དགའ་འོས་པའི་རྣམ་པ་མངོན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།